དེང་དུས་ཚན་རིག་པ་སོགས་ཤེས་ཡོན་མི་སྣ་ཙམ་མ་ཡིན་པར་ཚོང་པ་དང་ཆབ་སྲིད་མཁན་ཚོས་ཀྱང་སྒོམ་སྒྲུབ་ཉམས་ལེན་བྱེད་ཚུལ་དང་བྱས་ན་ཕན་ཐོགས་ཡོད་ལུགས་ཤོད་པ་ཐོས་རྒྱུ་ཡོད་ལ། མ་ཟད་སྒོམ་གྱི་ཕན་ཡོན་ལ་བརྟེན་ནས་ཚོང་པ་ཡག་པོ་ཞིག་ཇི་ལྟར་དང་དེའི་ཐོག་ནས་ཚོང་གི་ཁེ་བབ་མང་ཙམ་ཇི་ལྟར་ཐོབ་ཐུབ་མིན་སྐོར་དེབ་དང་གཏམ་བཤད་བྱེད་མཁན་མང་པོ་མཐོང་རྒྱུ་ཡོད། སྒོམ་ལ་བརྟེན་ནས་ལུས་སེམས་གཉིས་ལ་ཕན་ཐོགས་དུ་མ་ཞིག་ཡོད་པ་དང་དེར་རྒྱབ་གཉེར་བྱེད་པའི་བརྟག་དཔྱད་ཀྱི་དཔང་རྟགས་མང་པོ་ཞིག་རྙེད་ཡོད།
འོ་ན་སྒོམ་གྱིས་ལུས་ཁམས་ལ་ཕན་ཐོགས་བྱེད་ཚུལ་གང་ལགས་ཞེ་ན། ཐོག་མར་སྒོམ་ལ་བརྟེན་ནས་ང་ཚོའི་ཀླད་པར་འགྱུར་བ་གཏོང་གི་ཡོད། མི་ལྟ་བུའི་ཀླད་པ་ནི་དབང་རྩའི་ཕྲ་ཕུང་ཐེར་འབུམ་བརྒྱ་ལྷག་གིས་གྲུབ་པ་ཞིག་དང་དབང་རྩའི་ཕྲ་ཕུང་དེ་ཚོ་ནི་མཛུབ་མོ་ཁྲི་སྟོང་ཡོད་པའི་ལག་པ་ལྟ་བུ་ཞིག་རེད། དེ་ཡང་ཀླད་པའི་ཕྲ་ཕུང་དེ་དག་གི་སྣེ་མོར་ཡོད་པའི་མཛུབ་མོ་དག་ཕྲ་ཕུང་གཞན་གྱི་མཛུབ་མོར་སྣེ་འབྲེལ་གྱི་ལམ་ནས་ཕན་ཚུན་གནས་ཚུལ་གཏོང་ལེན་བྱེད་ཀྱི་ཡོད་ལ། ཕྱིའི་ཁོར་ཡུག་གི་སྐུལ་རྐྱེན་དང་ནང་བསམ་བློའི་སྐུལ་རྐྱེན་འོག་ཕྲ་ཕུང་དེ་དག་བར་འབྲེལ་ལམ་གསར་པ་སྐྲུན་རིམ་བཞིན་རྙིང་པ་རྣམས་ཞིག་འགྲོ་བ་ཡིན། ཉམས་ཞིབ་མཁན་ཚོས་གནས་སྟངས་འདིར་མྱོང་བ་ལ་བརྟེན་པའི་ཀླད་པའི་མཉེན་ཆ་ཟེར་གྱི་ཡོད། མཉེན་ཆ་ཟེར་བ་ནི་བརྐྱང་བསྐུམ་བྱེད་པ་སྟེ་མདོར་ན་འགྱུར་ལྡོག་བྱེད་ཐུབ་པའི་དོན་ཡིན། དེར་བརྟེན་སྒོམ་སྒྲུབ་ཉམས་ལེན་ལ་གོམས་འདྲིས་བསྟེན་པ་དེས་སྔར་ཡོད་རྩ་ལམ་ལ་འགྱུར་བ་གཏོང་ཐུབ་པ་དང་། སྙིང་རྗེ་དང་བྱམས་པ་ལྟ་བུ་གོམས་འདྲིས་རྒྱུན་རིང་བསྟེན་པ་དེས་སེམས་ཁམས་འདི་རིགས་ལྡོག་ཕྱོགས་ཀྱི་ཆ་རྣམས་ཞི་བའམ་དེ་འབྲེལ་གྱི་རྩ་ལམ་ནུས་པ་ཆུང་དུ་གཏོང་ཐུབ་ཀྱི་ཡོད།

བློ་གང་གོམས་ཆེ་བ་སྔོན་དུ་སྐྱེ་བ་ནང་པའི་དཔེ་གཞུང་ཁག་ནང་གསལ་བ་བཞིན་ཚན་རིག་གི་ཐོག་ནས་བཤད་ན། བློ་གང་ཞིག་སྒོམ་གྱི་ཐོག་ནས་གོམས་འདྲིས་ཡང་ཡང་བྱེད་པ་དེས་བློ་དེ་དང་འབྲེལ་བའི་དབང་རྩའི་རྩ་ལམ་ཤུགས་ཆེ་རུ་དང་བརྟན་དུ་གཏོང་བ་ཡིན་པས་རྗེས་སོར་བློ་དེ་རིགས་གསལ་བ་དང་ངང་ངམ་ཤུགས་ཀྱིས་སྐྱེ་ཐུབ་པ་ཡོང་གི་ཡོད། སྒོམ་གྱི་ཐོག་ནས་སེམས་ངལ་དང་། སེམས་རྒོད་པ། ཡིད་མུག ཟ་འཐུང་གི་འཁྲུག་སྐྱོན། དེ་མིན་སེམས་ཁམས་ཀྱི་དཀའ་ངལ་མང་པོ་ཞིག་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་ཀྱི་ཡོད་ལ་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་ནང་སྒོམ་དང་འབྲེལ་བ་ཡོད་པའི་ཉམས་ཞིབ་ཀྱི་དཔྱད་རྩོམ་སྤེལ་ཚད་ལྡབ་བརྒྱ་ཕྲག་གི་འཕར་ཡོད།



ཀླད་པ་ནས་ཀླད་པར་བརྡ་འཕྲིན་ཐད་ཀར་གཏོང་ཐབས་འཚོལ་རྒྱུ་ནི་ཚན་རིག་པ་མང་པོ་ཞིག་གི་ཡུན་རིང་བཅངས་པའི་རེ་བ་ཙམ་མ་ཟད་རྟོག་སྒྲུང་ལ་དགའ་བའི་མི་སྣ་མང་པོ་ཞིག་གི་རྟོག་བཟོའི་སྒྲུང་གཏམ་གྱི་ཆ་ཤས་ཆགས་ཡོད། ཀླད་པ་ནས་ཀླད་པར་བརྡ་འཕྲིན་གཏོང་ལེན་བྱེད་པ་ནི་རྒྱུན་ཤེས་ཀྱི་རིགས་ལམ་དང་ཡོངས་སུ་འགལ་བའི་ཡ་མཚན་གྱི་གནད་དོན་ཞིག་ཡིན། དེ་ཡང་ངའི་སེམས་ཀྱིས་ཁྱེད་ཀྱི་ཀླད་པ་སྒུལ་བ་དང་ཁྱེད་ཀྱི་ཀླད་པས་ཁྱེད་ཀྱི་ལག་པ་འགུལ་བ་སོགས་ངའི་འདོད་པ་བཞིན་ལས་ལ་འཇུག་པ་ལྟ་བུ་རེད། ད་བར་མི་མང་པོ་ཞིག་གི་བསམ་པར་འདི་ལྟ་བུའི་གནས་ཚུལ་ནི་རྟོག་བཟོའི་སྒྲུང་གཏམ་ནང་དུ་མངོན་པ་ལས་དངོས་ཡོད་འཇིག་རྟེན་གྱི་བྱུང་བ་ལས་ཆེས་ཐག་རིང་ཞིག་ཏུ་བསམ་ཡོད།
འོན་ཀྱང་ཉེ་དུས་ཚན་རིག་པ་ཁག་ཅིག་གིས་བརྟག་དཔྱད་བྱས་དོན་ལྟར་ན། དབང་པོ་ལྔའི་བརྒྱུད་ལམ་མ་བསྟེན་པའི་ཐོག་ནས་ཀླད་པ་གཉིས་ཀྱི་བར་ཐད་ཀར་འབྲེལ་མཐུད་དང་གནས་ཚུལ་གཏོང་ལེན་བྱེད་པའི་ཐབས་ཚུལ་གསར་གཏོད་བྱས་ཡོད་པ་དང་འདི་ལ་ཀླད་པ་ནས་ཀླད་པའི་འཐབ་སྦྱོར་ཟེར་གྱི་ཡོད། བརྟག་དཔྱད་མཁན་ཚོས་བརྟག་དཔྱད་བྱ་ཡུལ་མི་གཉིས་རེ་བདམ་པ་དང་། དེ་གཉིས་ལས་གཅིག་ལ་གཏོང་མཁན་དང་གཞན་དེར་ལེན་མཁན་ཟེར་གྱི་ཡོད། ཁོང་གཉིས་ཁང་མིག་མི་འདྲ་བ་གཉིས་ཀྱི་ནང་སོ་སོ་བྱས་ནས་བསྡད་འཇུག་པ་དང་ཕན་ཚུན་བར་མཐོང་ཐོས་རེག་གསུམ་གྱི་འབྲེལ་བ་བྱེད་ཐབས་མེད། གཏོང་མཁན་དེའི་མགོ་ཐོག་གློག་སྣེ་མང་པོ་གཙུག་ཡོད་པ་དང་དེས་ཀླད་པ་ལས་བྱུང་བའི་གློག་འཕྲིན་བསྡུ་ལེན་གྱིས་དྲ་རྒྱ་བརྒྱུད་ནས་ལེན་མཁན་གང་ཟག་དེའི་མགོ་ཐོག་ཡོད་པའི་ཁབ་ལེན་སྐུལ་ཆས་དེར་གཏོང་གི་ཡོད། གཏོང་མཁན་དེའི་མདུན་དུ་གློག་ཀླད་ཞིག་ཡོད་པའི་དྲ་ངོས་སུ་མེ་མདའི་སྐམ་པ་གསལ་ཡོད་པའི་ཐོག་གནོན་སྐབས་མདེའུ་ཕྱིར་ཐོན་གྱི་ཡོད། འོན་ཀྱང་གནོན་བྱེད་ཙི་གུ་དེ་གཏོང་མཁན་དེའི་སར་མེད་པར་ཁང་མིག་གཞན་གྱི་ནང་ཡོད་པའི་ལེན་མཁན་གང་ཟག་དེའི་ལག་དུ་ཡོད་པ་མ་ཟད་དེའི་ཁང་པ་ནག་ཁུང་ཡིན་པས་མིག་གི་གང་ཡང་མཐོང་མི་ཐུབ་ཀྱང་ཁོའི་མཛུབ་སྣེ་ཙི་གུའི་གནོན་བྱེད་ཐོག་བཞག་ཡོད། གཏོང་མཁན་མི་དེས་ཀློག་ཀླད་དྲ་ངོས་སུ་བལྟས་ནས་མེ་མདའི་སྐམ་པ་གནོན་པའི་བསམ་བློ་གཏོང་སྐབས་དེའི་གནས་ཚུལ་རྣམས་དྲ་རྒྱ་བརྒྱུད་ནས་ལེན་མཁན་གྱི་མིའི་ཀླད་པར་འབྱོར་བ་དང་དེས་འགུལ་བྱེད་ཀླད་ཤུན་བརྒྱུད་མཛུབ་མོ་རང་འགུལ་གྱིས་ཙི་གུར་གནོན་པས་གཏོང་མཁན་གྱི་མདུན་དུ་ཡོད་པའི་ཀློག་ཀླད་ནང་མེ་མདའི་སྐམ་པ་གནན་ནས་མདེའུ་འཕེན་ཐུབ་ཀྱི་ཡོད། འདི་ནི་མི་གཅིག་གིས་གཞན་གྱི་ལུས་ངག་གི་རྣམ་འགྱུར་དབང་སྒྱུར་བའི་དཔེ་མཚོན་སྟབས་བདེ་ཞིག་དང་། བརྟག་དཔྱད་འདིའི་ནང་ཉམས་ཞིབ་པ་ཚོར་འཕྲད་པའི་དཀའ་ངལ་གཅིག་ནི་བསམ་བློ་གཏོང་མཁན་དེས་བརྟག་དཔྱད་རིང་མཛུབ་མོ་གནོན་པའི་བསམ་བློ་ལས་གཞན་པའི་གནས་ཚུལ་བློར་འཆར་བ་དང་བློ་ཁ་སྒྲིམ་མི་ཐུབ་པ་དེ་ཡིན། འོན་ཀྱང་དུས་ཡུན་དེའི་ཁྲོད་ཁོང་ཚོས་གྲུབ་འབྲས་ཀྱི་སྤུས་ཚད་རིམ་བཞིན་གོང་མཐོར་གཏོང་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད།


ཕྲུ་གུ་སྐྱེ་རྒྱུ་ཡོད་པའི་བུད་མེད་ཚོར་མཚོན་ན་གནས་ཚུལ་འདི་གཏམ་བཟང་ཞིག་ཆགས་ཡོད། ཉམས་ཞིབ་པ་ཚོས་ཤེས་རྟོགས་བྱུང་བར་གཞིགས་ན་བུད་མེད་ཀྱི་ཀླད་པའི་གནས་འགའ་ཞིག་ཕྲུ་གུ་སྐྱེས་ཟིན་པའི་རྗེས་སུ་འཕེལ་སྐྱེད་ཡོང་གི་ཡོད་པ་དང་། གནས་དེ་དག་གཙོ་བོ་ཀུན་སློང་དང་མོས་པ། སེམས་ཚོར་བཅས་ལ་སྟངས་འཛིན་བྱེད་ཀྱི་ཡོད། མ་ཟད་རང་གི་ཕྲུ་གུ་ནི་དམིགས་བསལ་དང་ཡང་དག་པ་ཞིག་ཡིན་བསམ་པའི་ཐོག་ནས་ཕྲུ་གུར་གཅེས་སྐྱོང་ལེགས་ཤོས་དང་བརྩེ་བ་ཆེ་ཤོས་བྱེད་མཁན་གྱི་ཨ་མ་དེ་དག་གི་ཀླད་པར་འཚར་ལོངས་ཀྱི་འགྱུར་མང་ཤོས་ཡོང་བ་རྙེད་ཡོད། འདི་ལྟ་བུའི་ཀླད་པའི་འགྱུར་བ་ལ་བརྟེན་ནས་ཕྲུ་གུ་གཅེས་སྐྱོང་བྱེད་པའི་ཀུན་ལོང་སྐྱེ་བ་དང་། གཅེས་སྐྱོང་གི་བྱ་བ་ལ་བརྟེན་ནས་རང་ཉིད་བློ་ཁ་ཚིམ་པ་དང་སྐྱིད་སྣང་གི་ཚོར་བ་ཡོང་བ་ཡིན་ཟེར། བུད་མེད་འགའ་ཞིག་རང་གི་ཕྲུ་གུར་གཅེས་སྐྱོང་བྱེད་པའི་བློ་མི་སྐྱེ་བ་མ་ཟད་རང་གི་ཕྲུ་གུར་ཞེན་པ་ལོག་པ་དང་སེམས་ཚོར་ངན་པ་སྐྱེ་བ་ཡང་ཡོང་གི་ཡོད་པས། ད་ལྟའི་ཉམས་ཞིབ་ཀྱི་མཇུག་འབྲས་འདི་ལ་བརྟེན་ནས་དེ་ལྟ་བུའི་དཀའ་ངལ་སེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ལ། ཕལ་ཆེར་ཕྲུ་གུ་སྐྱེས་ཟིན་པའི་རྗེས་སུ་ཡང་བུད་མེད་དེ་དག་གི་ཀླད་པའི་ནང་རང་བཞིན་གྱི་འགྱུར་བའམ་སྐྱེ་འཕེལ་དེ་ལྟར་མ་བྱུང་བས་ཕྲུ་གུར་བརྩེ་སེམས་མི་སླེབས་པ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད། ཉམས་ཞིབ་མི་སྣས་ཟེར་དོན། ང་ཚོས་རང་གི་ཕྲུ་གུ་ལ་སེམས་མི་ཆགས་པའི་བུད་མེད་དེ་དག་གི་ཀླད་པའི་བྱེད་ལས་དང་བུ་མེད་རྒྱུན་ལྡན་ཚོའི་ཀླད་པའི་བྱེད་ལས་གཉིས་གཤིབ་སྡུར་གྱི་ཐོག་ནས་ཁོང་ཚོའི་ཀླད་པར་སྐྱོན་གང་ཡོད་པ་དང་དེར་བཅོས་ཐབས་འཚོལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཟེར།སྤྱིར་མངལ་སྦྲུམ་གྱི་སྐབས་དང་ཕྲུ་གུ་སྐྱེས་ཙམ་གྱི་རྗེས་སུ་བུད་མེད་ཚོའི་ཀླད་པར་འགྱུར་ལྡོག་འགྲོ་བཞིན་པ་ཁོང་ཚོ་རང་གིས་ཚོར་སྣང་ཡོང་གི་ཡོད་པ་དང་། དེ་སྔོན་དཀའ་ཚེགས་མེད་པར་དྲན་གསོ་ཐུབ་པའི་གནས་ཚུལ་ཡང་དྲན་གསོ་བྱེད་རྒྱུ་དཀའ་བ་སོགས་ཀྱི་ཚོར་སྣང་ཡོང་གི་ཡོད་པའི་གནས་སྟངས་འདི་སྔ་མོ་ནས་ཚན་རིག་པ་ཚོས་རྟོགས་ཞིབ་བྱུང་ཡོད་པ་མ་ཟད། གནས་སྟངས་འདི་ལ་མ་ཡི་ཀླད་པའི་གནས་སྟངས་ཟེར་གྱི་ཡོད། དེ་སྔོན་ཚན་རིག་པ་ཚོས་ཉམས་ཞིབ་ནང་མངལ་སྦྲུམ་གྱི་གནས་སྐབས་སུ་མའི་ཀླད་པ་ཕྲན་ཙམ་འཁུམ་འགྲོ་བ་ཡང་མཐོང་ཡོད། དེར་བརྟེན་ད་བར་ཉམས་ཞིབ་པ་དང་མི་དམངས་ཁྲོད་མའི་མངལ་སྦྲུམ་གྱི་སྐབས་དང་ཕྲུ་གུ་སྐྱེས་པའི་རྗེས་སུ་མའི་ཀླད་པར་གནོད་སྐྱོན་དང་ཕྲ་ཕུང་སྟོང་ཕྲག་མང་པོ་ཤི་འགྲོ་བའི་ཡིད་ཆེས་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཉམས་ཞིབ་འདི་བརྒྱུད་མངལ་སྦྲུམ་གྱི་གནས་སྐབས་ཀླད་པའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་འགྲོ་བཞིན་པ་འདི་དག་ཀྱང་ཤེས་རྟོགས་བྱུང་བ་རེད། བརྟག་དཔྱད་འདི་ཐོག་མར་ཙི་ཙི་དང་དེ་མིན་གྱི་ནུ་གསོས་སེམས་ཅན་ཆུང་རིགས་འགའ་ཞིག་གི་ཀླད་པའི་སྟེང་བྱས་ཡོད་པ་དང་། མངལ་སྦྲུམ་སྐབས་བྱུང་བའི་འགྱུར་བ་དེ་དག་བུ་བརྒྱུད་གཅེས་སྐྱོང་དང་འབྲེལ་བའི་བྱ་བའི་རིགས་ལག་བསྟར་ལེགས་འགྲུབ་ཡོང་ཆེད་དང་འགྱུར་བ་གང་བྱུང་བ་དེ་མི་ཚེ་ཧྲིལ་པོར་གནས་ཀྱི་ཡོད། འགྱུར་བ་འདི་དག་མིའི་ནང་ལ་ཡང་ཡོང་མིན་བརྟག་ཆེད་ཉམས་ཞིབ་པ་ཚོས་ཕྲུ་གུ་བརྩས་མ་ཐག་གི་བུད་མེད་བཅུ་དགུའི་ཀླད་པ་ལ་པར་སློག་རྒྱབ་པ་དང་དེ་རྗེས་ཟླ་བ་བཞིའི་རྗེས་སུ་སླར་ཡང་བརྟག་དཔྱད་བྱེད་སྐབས་ཁོང་ཚོའི་ཀླད་སྦུག་དང་། མདུན་གྱི་ཀླད་ཤུན། དེ་བཞིན་ཁམ་ཙིག་ཀླད་ཞོ་བཅས་ལ་འགྱུར་བ་མངོན་གསལ་ཅན་ཕྱིན་ཡོད་པ་རྙེད་ཡོད། ཀླད་གནས་འདི་དག་ཕྲུ་གུར་གཅེས་སྐྱོང་བྱེད་པ་དང་། གཅེས་སྐྱོང་གི་བྱ་བ་ལེགས་འགྲུབ་བྱུང་མཚམས་བློ་ཁ་ཁེངས་པའི་ཚོར་བ་སྐྱེ་བ་སོགས་ལ་སྟངས་འཛིན་བྱེད་པ་མ་ཟད། འཆར་འགོད་དང་ཕུགས་རྒྱང་རིང་བའི་ལས་དོན་བྱེད་ཕྱོགས་བསམ་གཞིགས་བྱེད་པའི་ཀླད་གནས་ཀྱང་ཚུད་ཡོད་སྟབས་མ་འོངས་པའི་དུས་ཡུན་ཁྲོད་ཕྲུ་གུའི་མདུན་ལམ་ཆེད་ལས་ཀ་གང་བྱེད་དགོས་པ་དང་དེ་དག་སྔོན་ཚུད་ནས་གྲ་སྒྲིག་ལག་བསྟར་བྱེད་པའི་ཕན་ཐོགས་ཡོང་གི་ཡོད། ཉམས་ཞིབ་ཁྲོད་ད་དུང་ཡང་གསལ་ཁ་མེད་པ་དང་མུ་མཐུད་དཔྱད་པ་བྱེད་དགོས་པ་ནི་མངལ་སྦྲུམ་སྐབས་སྐྲུན་པའི་ཧོར་མོན་ hormone དེ་དག་གིས་མའི་ཀླད་པར་འགྱུར་བ་གཏོང་བའི་སྐུལ་མ་བྱེད་པ་དང་འགྱུར་བ་དེའི་རྐྱེན་གྱིས་མས་ཕྲུ་གུར་གཅེས་སྐྱོང་བྱེད་པའི་ཚོར་བ་ཡོང་གི་ཡོད་དམ། ཡང་ན་མས་ཕྲུ་གུར་གཅེས་སྐྱོང་བྱེད་པའི་བྱ་བ་དེས་མའི་ཀླད་པར་འགྱུར་བ་གཏོང་བ་ཞིག་ཡིན་མིན་ཐག་གཅོད་བྱུང་མེད། གང་ལྟར་ཡང་མངལ་སྦྲུམ་དང་ཕྲུ་གུ་བཙས་པའི་རྗེས་སུ་ཀླད་པར་འགྱུར་བ་འབྱུང་བ་ནི་མངོན་སུམ་ཚད་གྲུབ་ཏུ་གྱུར་ཡོད། ཕོ་མོའི་བསམ་བློ་གཏོང་ཕྱོགས་བར་ན་ཁྱད་པར་ཆེན་པོ་ཡོད་པ་དང་ཕྲུ་གུ་སྐྱེས་པའི་རྗེས་སུ་ཁྱད་པར་དེ་བས་ཆེ་རུ་འགྲོ་བཞིན་ཡོད། དེར་བརྟེན་ཕོ་མོའི་བློ་ཁ་དང་ཚོར་བ་སོགས་མི་འདྲ་བ་དང་གཅིག་གི་བསམ་ཚུལ་གཞན་དེས་ཤེས་རྟོགས་མ་ཐུབ་པའི་རྒྱུ་མཚན་གྱིས་བཟའ་ཚང་གི་བར་ན་སྐབས་རེ་དོན་དག་ཆུང་ངུ་དེ་དག་གིས་ཀྱང་བར་ཆད་ཆེན་པོ་སྣ་འདྲེན་བྱེད་སྲིད་པ་ཡིན། ཕྲུ་གུར་བྱམས་སྐྱོང་བྱེད་པ་ལ་བརྟེན་ནས་མའི་ཀླད་པར་འགྱུར་བ་འབྱུང་བ་འདི་རིགས་རྫས་ཀྱི་ཐོག་ནས་རྒྱུ་མཚན་ལྡན་པའི་འབྲེལ་བཤད་བྱེད་རྒྱུ་ཡོད་དེ། དེ་ཡང་ཕྲུ་གུ་དེའི་ལུས་པོའི་ནང་མ་རང་ཉིད་ཀྱི་ཤ་ཁྲག་གམ་རིགས་རྫས་ཡོད་པས་རང་ གི་རིགས་རྒྱུད་རྒྱུན་འཁྱོངས་ཆེད་གང་ཡང་བློས་གཏོང་བྱེད་སྲིད་པ་ཡིན། དེ་བཞིན་ཚན་རིག་པ་ཚོས་རྟོགས་ཞིབ་བྱུང་བའི་འབྲེལ་ཡོད་གནས་ཚུལ་གཞན་ཞིག་ནི་ཕྲུ་གུ་ཡོད་པའི་ཙི་ཙི་མོ་དང་ཕྲུ་གུ་མེད་པའི་ཙི་ཙི་མོ་གཉིས་ཁ་ལག་འཚོལ་རྒྱུ་འགྲན་སྡུར་བྱེད་སྐབས་ཕྲུ་གུ་ཡོད་པ་ཚོས་ཁ་ལག་སྔོན་ལ་རྙེད་ཀྱི་ཡོད་པ་མཐོང་ཡོད། ཉམས་ཞིབ་པ་ཚོས་མུ་མཐུད་ཟེར་དོན། འཕེལ་རིམ་གྱི་ཐོག་ནས་ཨ་མ་དེ་དག་གིས་དཀའ་ངལ་ཤིན་ཏུ་ཆེན་པོ་གདོང་ལེན་བྱེད་དགོས་ཀྱི་ཡོད། ཕྲུ་གུ་མ་སྐྱེས་པའི་གོང་དུ་རང་གི་འཚོ་གནས་ཆེད་ལས་དོན་གང་བྱེད་དགོས་པ་དེ་དག་རྒྱུན་སྐྱོང་བྱས་པའི་ཐོག་ནས་ཕྲུ་གུ་དེའི་འཚོ་གནས་དང་འབྲེལ་བའི་ལས་དོན་དེ་དག་ཀྱང་འཐུས་ཤོར་མེད་པ་བྱེད་དགོས་པ་དང་། ཕྲུ་གུ་གསོ་སྐྱོང་བྱེད་རྒྱུ་ནི་ལས་སླ་མོ་ཞིག་མིན་སྟབས་དཀའ་ཚེགས་དེ་དག་ གདོང་ལེན་བྱེད་པར་ཀླད་པ་ལ་དགོས་ངེས་ཀྱི་འགྱུར་བ་འགྲོ་དགོས་ཀྱི་ཡོད་པ་དང་། འཕེལ་རིམ་གྱི་ཐོག་ནས་དེ་ལྟར་ཡོང་བའི་ཁྱད་ཆོས་རྙེད་ཡོད་པ་རེད། འོན་ཀྱང་ཞན་ཕྱོགས་ཀྱི་ཐོག་ནས་བཤད་ན་ཕྲུ་གུ་སྐྱེས་མ་ཐག་གི་ཨ་མའི་ཀླད་པར་གལ་གནད་ཆེ་བའི་ལས་དོན་གཞན་སྒྲུབ་དགོས་པར་བརྟེན་ཅ་དངོས་སོགས་ཀྱི་མིང་དང་འབྲེལ་བའི་དྲན་པ་དང་དེ་མིན་གྱི་བྱ་བ་ཆུང་རིགས་བྱེད་པའི་ནུས་པ་ཉམས་འགྲོ་བ་ཡིན། དེར་བརྟེན་ཕྲུ་གུ་བཙས་རྗེས་ཨ་མ་ཚོས་རང་གི་དྲན་པ་མི་བརྟན་པ་དང་བརྗེད་སླ་བ་མྱོང་གི་ཡོད།

 

དྲན་པ་མེད་ཀྱང་བར་སྟོང་འགེངས་ཐུབ་པ།




སྐུ་ཞབས་ཧེན་རི་ནི་སྤྱི་ལོ་ ༡༩༥༣ རྗེས་དབང་རྩའི་ཚན་རིག་གི་ལོ་རྒྱུས་ནང་ཉམས་ཞིབ་དང་བརྟག་དཔྱད་མང་ཤོས་བྱ་ཡུལ་གྱི་ནད་པ་དེ་ཆགས་ཡོད། ལོ་དེར་ཁོང་རང་ལོ་༢༧ཡིན་པ་དང་ཚོད་ལྟའི་ཆེད་ཀླད་པར་གཤག་བཅོས་བྱས་པ་ལ་བརྟེན་ནས་དྲན་པ་གསར་པ་ཉར་ཚགས་མི་ཐུབ་པ་ཆགས་པ་རེད། ཉེ་དུས་སྤྱི་ལོ་ ༢༠༠༨ ལོར་ཁོང་འདས་གྲོངས་སུ་ཕྱིན་ཡོད་པ་དང་ཁོང་གི་འཚོ་ཡུན་རིང་དབང་རྩའི་ཉམས་ཞིབ་ཀྱི་ལས་ཀ་བརྒྱ་ཕྲག་ལྷག་གི་ནང་མཉམ་ཞུགས་བྱས་ཡོད། བརྟག་དཔྱད་གཙོ་བོ་དྲན་པ་དང་འབྲེལ་བ་ཡོད་པ་དང་བརྟག་ཐབས་ནི་དྲི་ཤོག་འགེངས་པ་དང་གློག་ཆས་འོག་ཀླད་པའི་པར་ལེན་བྱེད་པ་སོགས་ ཐབས་ལམ་འདྲ་མིན་ཚུད་ཡོད། ཁོང་ཆུང་དུས་རྒྱལ་གཟེར་གྱི་ནད་གཞི་ལྕི་མོ་ཞིག་ཡོད་པ་དེ་ལས་སྐྱོབ་ཆེད་སྨན་པས་སྤྱི་ལོ་ ༡༩༥༣ ལོར་ཁོང་གི་ཀླད་པའི་དཀྱིལ་ནས་མཛུབ་མོའི་དབྱིབས་ལྟར་ཡོད་པའི་ཆ་ཤས་གཉིས་ཕྱིར་འདོན་བྱས་པ་དང་སྐབས་དེར་ཆ་ཤས་དེ་གཉིས་ཀྱི་བྱེད་ལས་དང་མིང་སོགས་གང་ཡང་ཤེས་ཀྱི་མེད་ཀྱང་ཚོད་ལྟའི་ཆེད་གཤག་བཅོས་བྱས་པ་ཞིག་ཡིན། ད་ཆ་ཚན་རིག་པ་ཚོས་ཆ་ཤས་དེའི་མིང་ལ་མཚོ་རྟ་མ་ཟེར་བ་དང་། དེས་མི་དང་ས་ཆ། དེ་མིན་གནས་ཚུལ་གྱི་དྲན་པ་གསར་པ་ཉར་ཚགས་ཀྱི་བྱ་བ་བྱེད་ཀྱི་ཡོད། དེར་བརྟེན་གཤག་བཅོས་མ་བྱས་པའི་སྔོན་གྱི་བྱུང་བ་ཕལ་ཆེ་བ་དྲན་གསོ་བྱེད་ཐུབ་པ་དང་གནས་ཚུལ་དེ་དག་དང་འབྲེལ་བའི་དྲི་ཤོག་འགེངས་པ་དང་གནས་ཚུལ་ལྷུ་སྒྲིག་བྱེད་ཐུབ་ཀྱང་། གཤག་བཅོས་ཀྱི་རྗེས་སུ་བྱུང་བའི་གནས་ཚུལ། དཔེར་ན། ཨ་རིའི་སྲིད་འཛིན་ནིཀ་སོན་བྱུང་ཚུལ་དང་ལོ་རབས་དགུ་བཅུའི་ནང་ཨ་རིའི་དམག་འཐབ་བྱས་པའི་གནས་ཚུལ་སོགས་གང་ཡང་མི་དྲན་པ་དང་དེ་འབྲེལ་གྱི་དྲི་ཤོག་འགེངས་པ་དང་ལན་འདེབས་བྱེད་ཐུབ་ཀྱི་མེད། གནས་སྟངས་འདིས་གསལ་འདོན་བྱས་པ་ཞིག་ནི། དྲན་པ་གསར་པ་ཉར་ཚགས་བྱ་ཡུལ་དེ་མཚོ་རྟ་མའི་ཆ་ཤས་འདི་ཁོ་ན་མིན་པར་ཀླད་པའི་ཆ་ཤས་གཞན་དང་འབྲེལ་བ་ཡོད་ཀྱང་འདི་ནི་དྲན་པ་ཉར་ཚགས་བྱེད་པའི་འཇུག་སྒོ་ལྟ་བུ་ཏེ། འདིའི་བརྒྱུད་ནས་ཀླད་པའི་ཆ་ཤས་གཞན་ལ་གཏོང་བ་ལས་གཞན་དྲན་པ་གསར་པ་ཉར་ཚགས་བྱེད་པའི་ཐབས་མེད་པ་ལྟ་བུ་ཡིན། དྲན་པ་ནི་ཚོར་བ་དང་འདུ་ཤེས་སོགས་སེམས་ཚོར་དང་འབྲེལ་བའི་སེམས་བྱུང་མང་དག་ཅིག་དང་འབྲེལ་བ་ཡོད་པས་དེ་དག་སྟངས་འཛིན་བྱེད་པའི་མཐོ་རིམ་གྱི་ཀླད་པའི་ཆ་ཤས་དག་གིས་ཀྱང་དྲན་པ་ཉར་ཚགས་བྱེད་ཐུབ་པས་གཤག་བཅོས་མ་བྱས་པའི་སྔོན་གྱི་གནས་ཚུལ་ཤེས་ཐུབ་པ་འདི་ལྟར་ཡིན། འོན་ཀྱང་དྲན་པ་གསར་པ་རྩ་བ་ནས་ཉར་ཚགས་མི་ཐུབ་པ་ཡང་མ་ཡིན་ཏེ་ལོ་རབས་བདུན་ཅུ་པའི་ནང་ཨ་རིའི་ནང་སྙན་གྲགས་ཅན་གྱི་གློག་བརྙན་གྱི་གལ་ཆེའི་མི་སྣ་རེ་ཟུང་དང་། ཟླ་བའི་སྟེང་འཕུར་གྲུ་བབས་པའི་གནས་ཚུལ་དྲན་གསོ་ཐུབ་ཀྱི་ཡོད། མ་ཟད་གཤག་བཅོས་ཀྱི་རྗེས་སུ་བྱུང་བའི་གནས་ཚུལ་གང་ཞིག་གཤག་བཅོས་མ་བྱས་པའི་སྔོན་དང་འབྲེལ་བ་ཡོད་ཚེ་བསྐྱར་ཟློས་དང་སྦྱོང་བརྡར་གང་ཙམ་རྗེས་གནས་ཚུལ་དེ་དག་དང་འབྲེལ་བའི་དྲི་ཤོག་འགེངས་རྒྱུ་སླ་བ་ཡོང་གི་ཡོད། དཔེར་ན། ཁོ་རང་ཆུང་དུས་སྐབས་ཕྲུ་གུ་མང་པོ་ཞིག་ལ་པོ་ལོའི་ polio ནད་གཞི་ཡོད་པ་དང་མང་དག་ཅིག་དེས་རྐྱེན་པས་འཆི་སྐྱོན་བྱུང་ཡོད་པས་ནད་གཞི་འདི་ནི་ཁོའི་སེམས་ཚོར་དང་འབྲེལ་བའི་གནས་ཚུལ་གལ་ཆེ་ཞིག་ཡིན་སྟབས། གཤག་བཅོས་རྗེས་སུ་སྤྱི་ལོ་༡༩༥༥ལོར་པོ་ལོ་ནད་གཞིའི་བཅོས་ཐབས་སྨན་ཁབ་གསར་རྙེད་བྱུང་བའི་གནས་ཚུལ་དྲན་གསོ་ཐུབ་ཀྱི་ཡོད། དེས་ན་ནད་གཞི་དང་འབྲེལ་བའི་སེམས་ཚོར་གྱིས་ནད་གཞི་དང་འབྲེལ་བའི་དྲན་པ་སླར་གསོ་བྱེད་པའི་གྲོགས་བྱེད་པའི་ཚོད་དཔག་བྱེད་ཐུབ། དེ་ལྟར་ཁོང་གི་གནས་ཚུལ་གསར་པ་ཕྲན་བུ་ཉར་ཚགས་བྱེད་ཐུབ་དགོས་པའི་ཐད་ཉམས་ཞིབ་པ་ཚོས་རྒྱུ་མཚན་གཉིས་ཤོད་བཞིན་ཡོད། གཅིག་ནི་གཤག་བཅོས་སྐབས་མཚོ་རྟ་མའི་མཐའ་འཁོར་དུ་ཡོད་པས་ཆ་ཤས་དེ་དག་ད་ལྟ་ཡང་ཡོད་པ་མ་ཟད་ཉེ་དུས་བརྟག་དཔྱད་ཁག་གི་ནང་གནས་ཚུལ་གསར་པ་ཤེས་རྟོགས་བྱེད་སྐབས་མཐའ་འཁོར་གྱི་ཆ་ཤས་དེ་དག་ལས་ཀ་བྱེད་པ་མཐོང་གི་ཡོད་སྟབས་དེས་རྐྱེན་པས་གནས་ཚུལ་གསར་པ་ཕྲན་བུ་དྲན་གསོ་ཐུབ་སྲིད་ལུགས་དང་། རྒྱུ་མཚན་གཞན་ཞིག་ནི་ང་ཚོའི་དྲན་པའི་ནང་ཡོད་པའི་གནས་ཚུལ་གང་ཞིག་དྲན་གསོ་བྱེད་སྐབས་དྲན་དོན་དེ་བསྐྱར་གསོ་དང་བཟོ་བཅོས་ཐེབས་ཀྱི་ཡོད་པ་དང་། བརྒྱུད་རིམ་འདི་ལ་བསྐྱར་གསོ་ཞེས་ཟེར་བ་དང་ཀླད་པའི་མཐོ་རིམ་གྱི་གནས་ཏེ་ཕྱི་ཤུན་གྱི་གནས་སུ་ལས་ཀ་བྱེད་ཀྱི་ཡོད་པས་ཡིན།

སྐུ་ཞབས་ཧེན་རི་ལགས་ཀྱི་ལོ་རྒྱུས་འདི་ཀླད་པའི་ཚན་རིག་པ་ཚོས་ཀླད་པའི་བྱེད་ལས་ཤེས་རྟོགས་བྱེད་ཚུལ་དཔེ་མཚོན་ལེགས་ཤོས་དེ་ཡིན། དེ་ཡང་ཀླད་གནས་བྱེ་བྲག་གཅིག་མེད་པའམ་སྐྱོན་ཤོར་བའི་ནད་པར་བལྟས་ནས་ཀླད་གནས་དེའི་བྱེད་ལས་ཤེས་རྟོགས་ཐུབ་ཚུལ་དེ་ཡིན།


Post a Comment

Previous Post Next Post