སྤེལ་མཁན། : tsenrig 6/19/2015



རྡུལ་ཕྲན་མཚོན་ཆ་དང་དེའི་ཕན་གནོད།

དུས་རབས་ཉི་ཤུ་པའི་ནང་སྤྱིར་ཚན་རིག་དང་ཡང་དགོས་རྡུལ་ཕྲན་རིག་པའི་ནང་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་ཚན་རིག་པ་ཨ་ཡིན་སི་ཊན་གྱིས་གདོས་ཚད་དང་ནུས་པ་གཉིས་ངོ་བོ་བརྗེ་རུང་བསྟན་པའི་མཉམ་རྩིས་གསལ་བསྒྲགས་བྱས་པ་ནས་བཟུང་མི་ཚོས་རྡུལ་ཕྲན་ལ་ལྟ་སྟངས་དང་སྤྱོད་ཚུལ་འཛིན་སྟངས་ཐད་འགྱུར་བ་ཆེན་པོ་བྱུང་ཡོད། གོང་གི་མཉམ་རྩིས་ལས་གདོས་ཚད་ཤིན་ཏུ་ཆུང་བའི་དངོས་པོ་ཞིག་ནས་ཀྱང་བློ་ཡུལ་དུ་ཤོང་དཀའ་བའི་ནུས་པ་སྐྲུན་ཐུབ་པ་ཤེས་ཡོད། ནུས་པ་འདིར་རྡུལ་ཕྲན་གྱི་ནུས་པ་ཟེར་བ་དང་ནུས་པ་དེ་ཕྱིར་འདོན་བྱེད་པར་རྡུལ་ཕྲན་གྱི་ཉིང་རྡུལ་ཁ་གཏོར་གཏོང་དགོས་ཀྱི་ཡོད། གདོས་ཚད་ཆེ་བའི་རྩ་རྫས་ཡུ་ར་ནི་ཡམ་ལྟ་བུར་མྱུར་ཚད་ཤིན་ཏུ་ཆེ་བའི་རྡུལ་གཞན་གྱིས་གཞུས་ཏེ་དུམ་བུར་གཏོང་ཐུབ་པ་དང། དུམ་བུར་སོང་བའི་ཆ་རྣམས་གདོས་ཚད་ཆུང་བའི་རྡུལ་ཕྲན་གཞན་གཉིས་སུ་འགྱུར་བ་དང་ལྷན་དུ་དྲོད་ཀྱི་ནུས་པ་ཕྱིར་སྤྲོད་བྱེད་ཀྱི་ཡོད། ཚན་རིག་པ་ཚོས་ནུས་པ་ཕྱིར་སྤྲོད་བྱེད་པའི་དུས་ཡུན་སྟངས་འཛིན་བྱེད་ཐུབ་པ་དང་དུས་ཡུན་ཐུང་ངུ་ཞིག་གི་ནང་ནུས་པ་མང་པོ་ཞིག་ཕྱིར་སྤྲོད་བྱེད་འཇུག་ཚེ་དེས་ཉེ་འཁོར་དུ་གཏོར་ཤིག་ཆེན་པོ་བྱེད་པ་དང་དེར་རྡུལ་ཕྲན་མཚོན་ཆ་ཟེར་གྱི་ཡོད།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིས་ཉི་ཧོང་གི་གྲོང་ཁྱེར་གཉིས་ཐོག་རྡུལ་ཕྲན་མཚོན་ཆ་དབྱུགས་ཏེ་མི་རྒྱུགཉིས་ལ་འཕྲལ་ཕུགས་ཀྱི་གོད་ཆག་ཆེན་པོ་ཕོག་འཇུག་པར་བརྟེན་ཚོགས་པ་དང་མི་སྒེར་མང་པོས་འཛམ་གླིང་ཐོག་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་དགོས་ལུགས་ཀྱི་སྐད་འབོད་སོགས་ལས་འགུལ་འདྲ་མིན་ཞིག་སྤེལ་དང་སྤེལ་བཞིན་ཡོད་ལ། རྡུལ་ཕྲན་མཚོན་ཆ་ཞེས་པ་ཐོས་སྐབས་མི་ཕལ་ཆེ་བའི་བསམ་པར་དེ་ནི་འགྲོ་བ་མི་གཙོས་པའི་སེམས་ཅན་སྤྱི་དང་གོ་ལ་འདིའི་སྣོད་བཅུད་གཉིས་ལ་གནོད་འཚེ་ལས་ཕན་གང་ཡང་མེད་པའི་དངོས་པོ་ཞིག་ལ་འདོད་ཀྱི་ཡོད།
འོན་ཀྱང་ཚན་རིག་པ་འགའ་ཞིག་གི་འདོད་ཚུལ་ལྟར་ན་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་ཆེ་བ་བཞིན་གནས་སྐབས་འགའ་ཞིག་འོག་གོ་ལ་ཧྲིལ་པོར་སྲུང་སྐྱོབ་བྱེད་པའི་ནུས་པ་ཡང་རྡུལ་ཕྲན་མཚོན་ཆ་ཁོ་ནར་ཡོད་པས་དེ་དག་རྩ་མེད་བཟོ་མི་རུང་བར་འདོད་ཀྱི་ཡོད། དེ་ཡང་ཉི་མའི་ཁྱིམ་རྒྱུད་ཀྱི་བར་སྣང་ཁྲོད་འཁྱམ་ཉུལ་བྱེད་པའི་བྲག་རྡོ་ཆེ་ཆུང་སྣ་ཚོགས་ཡོད་པ་དང་།འགའ་ཞིག་སའི་གོ་ལའི་རླུང་ཁམས་ནང་འཛུལ་ནས་ས་ཐོག་ཏུ་ལྷུང་བའི་གནས་སྟངས་ཡོང་གི་ཡོད།བྲག་རྡོ་ཆུང་ངུའི་རིགས་ཡིན་ཚེ་གོ་ལའི་རླུང་ཁམས་བརྒྱུད་སྐྱོད་སྐབས་བརྡར་འགོག་གི་ནུས་པ་ལ་བརྟེན་ནས་འཚིག་ཟད་འགྲོ་ནའང་ཆེ་བ་རྣམས་འཚིག་ཟད་འགྲོ་མི་ཐུབ་པར་ས་ཐོག་ལྷུང་སྟེ་མི་ཟོག་སེམས་ཅན་ཚོར་གནོད་འཚེ་ཆེན་པོ་བྱེད་ཀྱི་ཡོད། དེ་ལྟ་བུའི་བྲག་རྡོ་གོ་ལའི་ཐོག་ལྷུང་བ་རྒྱུན་དུ་མཐོང་རྒྱུ་ཡོད་ལ། དེ་དག་བར་སྣང་ནང་སྐྱོད་སྐབས་སྐར་མདའ་དང་ས་ཐོག་ལྷུང་བའི་ལྷག་ཤུལ་ལ་སྐར་རྡོ་ཟེར་གྱི་ཡོད། དེ་སྔ་༢༠༡༢ལོར་བྲག་རྡོ་ཆེན་པོ་ཞིག་བར་སྣང་བརྒྱུད་ཡོང་སྐབས་ཨུ་རུ་སུའི་མཁའ་ཐོག་ཏུ་གས་ཐོར་བྱུང་ཏེ་དེའི་ཆགས་ཧྲུག་གིས་མི་ཆིག་སྟོང་ལྔ་བརྒྱ་ལྷག་ལ་རྨས་སྐྱོན་བཏང་ཡོད། ཚན་རིག་པ་ཚོས་སྔ་ཕྱི་ཙམ་ལས་བྲག་རྡོ་དེ་ལས་ཀྱང་ཆེ་བ་ཞིག་གོ་ལ་དང་གདོང་ཐུག་བྱེད་ངེས་ཡིན་པ་དང་སྐབས་དེར་ང་ཚོར་སྲུང་སྐྱོབ་བྱེད་པའི་ལག་ཆ་གཅིག་པོ་ནི་རྡུལ་ཕྲན་མཚོན་ཆ་ཐོགས་པའི་འཕུར་མདའ་ཙམ་ལས་གཞན་མེད་པར་འདོད་ཀྱི་ཡོད། གལ་ཏེ་ཞིང་ཚད་མི་ཊར་སུམ་བརྒྱ་ཡོད་པའི་སྐར་རྡོ་ཞིག་ས་ཐོག་ལྷུང་ཚེ་དེ་ནི་སྔར་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མར་འཕངས་པའི་ཨ་རིའི་རྡུལ་ཕྲན་མཚོན་ཆ་ལས་ལྡབ་ཆིག་འབུམ་ལྔ་ཁྲིའི་གནོད་ཚབས་ཆེ་བ་ཡོད་པས་གོ་ལ་ཧྲིལ་པོར་ཚེ་སྲོག་གི་འགྲོ་བ་སྟོང་སྲིད་པའི་ཉེན་ཁ་སྐྲུན་སྲིད། འོན་ཀྱང་དེ་ལྟ་བུའི་བྲག་རྡོ་ཞིག་ཡོང་བ་སྔོན་ཚུད་ནས་ཤེས་ཚོར་བྱུང་ཚེ་རྡུལ་ཕྲན་མཚོན་ཆ་ཐོགས་པའི་འཕུར་མདའ་བཏང་ནས་གོ་ལའི་རླུང་ཁམས་ཕྱི་རོལ་ཏུ་གཤིག་གཏོར་བྱེད་པའམ་བྲག་རྡོ་དེའི་ཁ་ཕྱོགས་བསྒྱུར་ནས་གོ་ལར་སྲུང་སྐྱོབ་བྱེད་ཐུབ། གོ་ལའི་ལོ་རྒྱུས་ཐོག་དེ་ལྟ་བུའི་བྲག་རྡོ་མང་པོ་ས་ཐོག་ཏུ་ལྷུང་བའི་སྐྱེ་ལྡན་གྱི་སྲོག་ཆགས་མང་པོ་ཞིག་རྩ་སྟོང་ཕྱིན་པའི་ཤུལ་ད་ལྟ་མཐོང་རྒྱུ་ཡོད། ད་ལྟའི་གནས་བབ་ལྟར་ན་རྡུལ་ཕྲན་འཐོགས་པའི་འཕུར་མདའ་ཞིག་གཏོང་བར་ཨ་སྒོར་ས་ཡ་ལྔ་བརྒྱ་ཙམ་ལས་མི་འགྲོ་བས་དེ་ནི་འཛམ་གླིང་ཐོག་མི་སྒེར་མང་པོ་ཞིག་གི་ལོ་རེའི་ཡོང་འབབ་ཀྱི་ཆ་ཤས་ཆུང་ངུ་ཞིག་ཡིན། གོ་ལ་སྤྱིའི་བདེ་འཇགས་ཀྱི་ཆེད་དུ་མ་དངུལ་དེ་ཙམ་ཞིག་གཏོང་རྒྱུ་ནི་རྒྱུ་མཚན་ལྡན་པ་རེད་ཟེར་མཁན་ཡོད་པ་རེད།

རྡུལ་ཕྲན་གྱི་སྙིགས་རོ་བཟའ་བའི་ཕྲ་འབུ་གསར་རྙེད།

དེང་སྐབས་རྡུལ་ཕྲན་གྱི་མཚོན་ཆ་དང་རྡུལ་ཕྲན་གྱི་ནུས་པ་བེད་སྤྱོད་བྱས་ནས་གློག་གི་ནུས་པ་སྐྲུན་པ་སོགས་རྡུལ་ཕྲན་གྱི་ཉིང་རྡུལ་འགྱུར་བ་བཏང་ནས་ནུས་པ་སྐྱེད་སྐྲུན་བྱེད་མཁན་རྒྱལ་ཁབ་མང་པོ་ཡོད་པ་དང་། ནུས་པ་སྐྱེད་སྐྲུན་བྱེད་པའི་ཐབས་ལམ་འདི་དང་འབྲེལ་བའི་ཟུར་ཕོག་དཀའ་ངལ་གཙོ་བོ་ནི་བེད་སྤྱོད་ཟིན་པའི་རྡུལ་ཕྲན་གྱི་སྙིགས་རོ་དོར་ས་མེད་པ་དེ་ཡིན། རྡུལ་ཕྲན་གྱི་སྙིགས་རོ་ལས་ཚེ་སྲོག་ལ་གནོད་ཚབས་ཆེ་བའི་འགྱེད་འཕྲོའི་རྡུལ་ཤིན་ཏུ་མང་པོ་མི་ལོ་ཁྲི་སྟོང་དང་ས་ཡ་མང་པོའི་རིང་ཕྱིར་འདོན་བྱེད་པ་དང་། དེ་དག་སྐྱེ་ལྡན་གྱི་ལུས་པོར་ཕོག་སྐབས་ཕྲ་ཕུང་གི་རིགས་རྫས་གཏོར་སྐྱོན་དང་ནད་རིགས་མང་པོ་ཞིག་སྐྲུན་གྱི་ཡོད། ད་ལྟའི་ཆར་རྡུལ་ཕྲན་གྱི་སྙིགས་རོ་དེ་དག་དཔལ་འབྱོར་དང་ཤེས་ཡོན་ཞན་པའི་རྒྱལ་ཁབ་ཁག་གི་ནང་ས་སྦས་གཏོང་བ་དང་རྒྱ་མཚོའི་གཏིང་དུ་སྦས་པ་སོགས་བྱེད་ཀྱང་ཐབས་ལམ་དེ་དག་ནི་འཕྲལ་སེལ་ཙམ་ལས་ཕུགས་ཀྱི་དཀའ་ངལ་སེལ་ཐབས་མེད་པ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོས་རྡུལ་ཕྲན་གྱི་ནུས་པ་བེད་སྤྱོད་བྱེད་ཚད་འཕར་རིམ་བཞིན་དཀའ་ངལ་འདི་གཞི་རྒྱ་ཆེ་རུ་དང་མགོ་རྙོག་ཏུ་འགྲོ་རྒྱུ་མ་ཟད་མང་པོ་ཞིག་གིས་མ་འོངས་པར་རྒྱལ་ཁབ་ཕན་ཚུན་དབར་དམག་འཁྲུག་ཡོང་གཞི་གཙོ་བོ་ཞིག་ཀྱང་རྡུལ་ཕྲན་གྱི་སྙིགས་རོ་དོར་ས་དང་དོར་ཕྱོགས་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད། འོན་ཀྱང་ཉེ་དུས་དབྱིན་ཡུལ་གྱི་ཚན་རིག་པ་ཁག་གཅིག་གིས་རྡུལ་ཕྲན་གྱི་སྙིགས་རོ་སྦག་པའི་ཁོར་ཡུག་ནང་གསོན་འཚོ་ཐུབ་པ་མ་ཟད་སྙིགས་རོ་བཟས་ནས་གཙང་སེལ་བྱེད་ཐུབ་པའི་ཕྲ་འབུ་ཞིག་རྙེད་སོན་བྱུང་ཡོད་པས་རྗེས་སོར་ཕྲ་འབུ་དེ་རིགས་གསོ་སྐྱོང་གི་ཐོག་ནས་མ་འོངས་པར་རྡུལ་ཕྲན་གྱི་སྙིགས་རོ་གཙང་བཟོ་བྱེད་པའི་ཐབས་ལམ་གསར་པ་ཞིག་རྙེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།