འདྲ་པར་ཞིག་རྒྱག་རྒྱུ་ནི་ང་ཚོའི་རྒྱུན་སྤྱོད་འཚོ་བའི་ནང་གི་ཆེས་སྤྱིར་བཏང་པའི་ལས་ཀ་ཞིག་ཡིན་མོད་ཀྱང་། དུས་རབས་བཅུ་དགུ་པའི་ལོ་རབས་སུམ་ཅུ་ཐམ་པའི་ནང་འཇུག་རྟེན་ཐོག་འདྲ་པར་ཐོག་མར་བྱུང་སྐབས། དེར་རྩོད་པ་ཧ་ཅང་ཆེན་པོ་ཞིག་ལངས་པ་རེད།

དེ་ཡང་སྤྱི་ལོ་ 1839 ལོའི་ཟླ་བ་ 8 པའི་ཚེས་ 18 ཉིན། ཧྥ་རན་སིའི་ཚན་རིག་ཁང་གི་ཚོགས་ཆེན་དུ་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་འོད་རིག་ལས་གྲུབ་པའི་འདྲ་པར་ཐོག་མར་འགྲེམས་སྟོན་བྱས་གཤིས། དེ་ཡི་གྲགས་པ་པཱེ་རིསི་ཁྱོན་ལ་ཁྱབ་པར་མ་ཟད། མི་རིང་བར་གསར་འགྱུར་འདི་ནི་འཇར་མན་ལ་ཡང་ཁྱབ་ནས་ "འདི་ནི་ཁུངས་མེད་གཏམ་འཆལ་འབའ་ཞིག་རེད། ཤེལ་ནང་དུ་འཕོས་པའི་གཟུགས་བརྙན་དེ་དག་འཛིན་བཟུང་བྱེད་དགོས" ཞེས་ཁ་རྡུང་བཏང་བར་མ་ཟད། ད་དུང"གསར་གཏོད་དེ་རིགས་ནི་ལྷའི་མཐུ་སྟོབས་ལ་སྐུར་བ་འདེབས་པ་དང་། མི་ལ་མགོ་སྐོར་གཏོང་བ་ཞིག་རེད"ཅེས་ཁྱབ་བསྒྲགས་ཀྱང་བྱས་པ་རེད། སྐབས་དེར་པཱེ་རིསི་མི་སྣའི་གཟུགས་བརྙན་བྲི་མཁན་གྱི་རི་མོ་བ་ཚོས་འོད་རིགས་ལས་གྲུབ་པའི་འདྲ་པར་གྱི་མངོན་བྱུང་འདིས་ཁོ་པ་ཚོའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་ཡོང་བར་ངོས་འཛིན་བྱེད་པ་དང་སྦྲགས་གཅིག་རྗེས་གཉིས་མཐུད་ཀྱིས་ཡིག་ཐོག་ནས་ཧྥ་རན་སིའི་སྲིད་གཞུང་ལ་པར་རྒྱག་ལག་རྩལ་རྩ་མེད་གཏོང་དགོས་པའི་རེ་བ་བཏོན་ཡོད་པ་རེད། པར་རྒྱག་ལག་རྩལ་གསར་གཏོད་བྱེད་མཁན་ནི་པཱེ་རིསི་རི་མོ་བ་མཁས་ཅན་འཁྲབ་ལྗོངས་ཇུས་འགོད་སློབ་དཔོན་ལུ་དབྱི་སི་ཌེ་ཁཱརི་(Louis Daguerre)རེད། ཁོང་ནི་སྤྱི་ལོ་ 1787 ཟླ་ 11 ཚེས་ 18 ཉིན། པཱེ་རིསི་དང་ཉེ་བའི་གྲོང་ཚོ་ཀོར་རྨི་ལའེ་(Cormeilles) ཟེར་བར་སྐུ་འཁྲུངས་ཤིང་། ཡབ་ནི་ཉེས་དོན་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་དཔོན་ཡིན།

ལུ་དབྱི་སི་ཌེ་ཁཱརི་ལོ་ན་བཅུ་དྲུག་ལ་སོན་དུས་པཱེ་རིསིར་མཛེས་རིས་སློབ་སྦྱོང་གནང་བར་ཕེབས་ནས་སྐད་སྒྲགས་ཡོད་པའི་གར་སྟེགས་འཁྲབ་ལྗོངས་ཇུས་འགོད་སློབ་དཔོན་ཏའེ་ཀུ་ཐི་དགེ་རྒན་དུ་བསྟེན་ཅིང་། དེ་ནས་ལོ་ཤས་སོང་རྗེས་ཁོང་གི་ལག་རྩལ་དེ་རང་གི་དགེ་རྒན་ལས་མཁས་པར་གྱུར། ཁོང་གིས་ཇུས་འགོད་གནང་བའི་གར་སྟེགས་མཛེས་རིས་དང། རྒྱན་གོས་ཀྱི་རིགས་རྣམས་ལ་ཟློས་གར་དཔྱད་གླེང་མཁས་ཅན་རྣམས་ཀྱིས་གཙིགས་ཆེན་པོ་བྱེད་པ་དང། སྙན་ངག་གི་རིག་པ་འཛིན་པ་རྣམས་ཀྱིས་ཀྱང་བསྟོད་པ་མང་པོ་ཕུལ་བ་རེད།

སྤྱི་ལོ་ 1822 ལོར། ལུ་དབྱི་སི་ཌེ་ཁཱརི་གིས་མོ་ལི་ཡས་ཁྲོམ་ཆེན་དུ་ཡུལ་ལྗོངས་ཐབས་ཆག་ཡོད་པའི་ཁང་པ་ཞིག་གནས་གཡར་བྱས་ཏེ། ཟློས་གར་ཁང་ཆུང་ཆུང་ཞིག་གཉེར་བ་དང། དེ་ཡི་སྒོ་འགྲམ་དུ"འཁྲུལ་སྣང་དུ་འཆར་བའི་ཡུལ་ལྗོངས"ཞེས་པའི་སྒོ་བྱང་ཞིག་བཀལ་ཡོད་ལ། དེ་ཡི་ནང་ལོགས་སུ་ཕྱི་གསལ་ནང་གསལ་གྱི་འཁྲབ་ཡོལ་ཞིག་དཔྱང་དཔྱང་དུ་བཀལ་ནས་ཡོད་པ་དེའི་སྟེང་གསོན་ཉམས་དོད་ཅིང་ལྟ་ན་སྡུག་པའི་གྲོང་གསེབ་ཀྱི་ཡུལ་ལྗོངས་ཆ་ཡོངས་སུ་རྫོགས་པ་ཞིག་བྲིས་ཡོད་པ་དེར་གློག་བཞུའི་འོད་མདངས་དང། འོད་རིག་ལས་གྲུབ་པའི་འོད་ཆ་འཕྲོས་པའི་མདངས་རྣམས་ཕོག་ནུས་པས་དེ་ཡི་མཛེས་པས་སྐྱེ་བོའི་མིག་དབང་མེད་དུ་འཕྲོག་པར་གྱུར། འཁྲབ་ཚན་གཅིག་མའི་ཟློས་གར་གྱི་རྒྱབ་ལྗོངས་དེ་ངོ་མ་ནང་བཞིན་ཡོང་ཆེད་ཁོང་གིས་ས་ཧྲུའི་ཧྲེ་ནས་ཞིང་པའི་རྩྭའི་ཐོག་ཁང་ཆུང་ཞིག་ནང་འདྲེན་གནང་བར་མ་ཟད། ཐང་ཤིང་རྐང་ཁ་ཤས་དང་། ལུག་གསོན་མ་འགའ་ཤས་ཤིག་ཀྱང་གར་སྟེགས་སྟེང་དུ་འཕེས་པར་གནང་བ་ན། ས་སྐྱོང་ཆེན་པོ་ལུ་དབྱི་སི་ཧྥེ་ལི་ཕུའུ་ཡང་སེམས་ཀྱི་སྤུ་ལོང་དབང་མེད་གཡོས་ནས། ངོ་མཚར་བཀོད་པའི་ཡུལ་གྱི་གཟིགས་མོར་ཕེབས།

ལུ་དབྱི་སི་ཌེ་ཁཱརི་གྱིས་འོད་རིགས་སྣ་ཚོགས་ལ་དཔྱད་པའི་རིག་པ་ལས་གྲུབ་པའི་འཁྲབ་ལྗོངས་ཇུས་འགོད་ལེགས་གྲུབ་ཡོང་བའི་ཆེད་དུ"མུན་སྒམ་འཕྲུལ་ཤེལ"ཞིག་གསར་གཏོད་གནང་བ་འདི་ནི་ཤིང་ལས་གྲུབ་པའི་སྒམ་ཆུང་ཆུང་ཞིག་ཡིན་ཞིང། གཞོགས་གཅིག་ཏུ་ཨི་ཁུང་ཞིག་ཁ་ཕྱེ་ནས་ཡོད་པ་དང། གཞོགས་གཞན་ཞིག་ཏུ་གྲོང་གསེབ་ཀྱི་ཡུལ་ལྗོངས་མཛེས་རིས་ཞིག་བླུགས་ཏེ་ཁ་དམ་པོར་བརྒྱབ་ནས། དེར་ཉི་མའི་འོད་ཟེར་གྱི་མདངས་ཆ་ཕོག་པ་བརྒྱུད། མཛེས་སྡུག་ཕུན་སུམ་ཚོགས་པའི་ལྗོངས་རིས་གྱང་ལྡེབས་སམ་ཡང་ན་རྒྱབ་ཡོལ་གྱི་སྟེང་དུ་མཚར་བར་མངོན། དེ་རྟིང་ཁོང་གིས"མུན་སྒམ"ལེགས་བཅོས་གནང་སྟེ། དེའི་ནང་མདངས་འདོན་པར་ལེན་ཤེལ་སྒོ་དང་མདངས་འོད་འཕྲོ་ཤེལ་བཅུག་སྟེ་རྒྱབ་ཡོལ་སྟེང་དུ་བཀོད་པ་དེ་མངོན་སུམ་གྱི་ཡུལ་ལྗོངས་ལ་འཁྲུལ་བར་གདོན་མི་ཟ་བར་འགྱུར་བར་གནང་བས། དེ་ཡི་རྣམ་པས་སྐྱེ་བོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱས། སྐབས་དེར་ཁོང་གིས་སླར་ཡང་བསམ་མནོ་དྲུག་གསུམ་བཅོ་བརྒྱད་བཏང་སྟེ་གལ་ཏེ་འཁྲབ་ཡོལ་སྟེང་གི་སྣང་བརྙན་འགྱུར་མེད་རྟག་ཏུ་དེ་རང་གི་སྟེང་དུ་གནས་ཐུབ་པ་བྱུང་ན་ཅི་མ་རུང་སྙམ། དེའི་ཆེད་དུ་ཁོང་གིས་ཡང་བསྐོར་སྐྱར་བསྐོར་གྱིས་ཚོས་ལྟ་ལན་མང་གནང་བ་མཐའ་དག་ཕམ་པར་གྱུར།

ཕྱི་ལོ་ 1826 ལོར། ལུ་དབྱི་སི་ཌེ་ཁཱརི་གྱི་གོ་ཐོས་ལ་རྐང་དམག་དམག་དཔོན་དབྱིན་ཤི་ཧྥུ་ཨེར་ཎི་ཕུ་སི་ཡིས་དེ་སྔ་རང་གི་གཞིས་ཀའི་ནང་དུ་དེ་དང་འདྲ་བའི་ཚོད་ལྟ་ཞིག་བྱེད་མྱོང་ཡོད་པ་མ་ཟད། དམག་དཔོན་དེ་ཡིས་སྣུམ་སྙིགས་བྱུགས་པའི་གཤའ་ཤོག་ཅིག་མུན་སྒམ་གྱི་ནང་དུ་བླུགས་ནས། དེར་ཆུ་ཚོད་བརྒྱད་ཙམ་རིང་ཉི་འོད་ཀྱི་རེག་བྱ་ལོན་དུ་བཅུག་པ་ན། འོད་ཕོག་པའི་ངོས་རྣམས་སྲ་པོར་གྱུར་ཅིང་འོད་མ་ཕོག་པའི་ངོས་རྣམས་མཉེན་པོ་ཆགས། རྟིང་དུ་སུབ་བཏང་བའི་རྗོ་ཐའི་མེ་ཏོག་གི་ཉིང་སྣུམ་དང་ཐང་ཆུ་དྭངས་མས་བཀྲུས། དེ་འདྲ་བྱས་ན་ལེགས་པོ་དེ་ཙམ་ིན་རུང་གཞིས་ཀའི་ཁང་པ་དང་ཡུལ་ལཇོངས་གསལ་བའི་པར་ཞིག་བྱུང་ཚུལ་ཡོད་སྐད།

དེ་ཡང་སྤྱི་ལོ་ 1830 ལོའི་ཟླ་ 3 པར་ལུ་དབྱི་སི་ཌེ་ཁཱརི་དང་དམག་དཔོན་དེ་གཉིས་ཀྱིས་མ་རྩ་མཉམ་སྡེབ་བྱས་ནས་ཀུང་སི་གཅིག་བཙུགས་མེད། འོན་ཀྱང་དུས་ཡུན་རིང་པོའི་ནང་ཁོ་ཚོའི་བྱ་གཞག་སྣ་མང་མེ་ཏོག་གི་སྡོང་པོ་ལ་ཤིང་ཏོག་གཡུར་ཟའི་འབྲས་བུ་མངོན་རྒྱུ་མ་བྱུང། སྐབས་ཞིག་ཎི་ཕུ་སི་ཡིས་དངུལ་ཆུ་བྱུགས་པའི་ཟངས་ཤོག་ཅིག་གཤའ་ཤོག་གི་ཚབ་ཏུ་གཏད་ཅིང། སླ་རུ་གཏོང་བྱེད་ཏེན་གྱི་ཉིང་ཁུས་བཀྲུས་པ་ན། ཧ་ཅང་སྲབ་པའི་དངུལ་ཆུ་བྱུགས་པའི་ཟངས་ཤོག་དེའི་འོད་ལེན་ཤུགས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། འོད་ལེན་དུས་ཚོད་ཀྱང་དེ་ཙམ་གྱིས་མཐུང་དུ་འགྲོ་ཐུབ་པར་མངོན། ཁོ་ཚོའི་བྱ་གཞག་ཇེ་ལེགས་ཇེ་ལེགས་སུ་འགྲོ་བའི་སྐབས་དེར་ཎི་ཕུ་སི་ཀླད་ཁྲག་ཐོན་ཏེ་ཚེ་ཡི་འདུ་བྱེད་ཟད་པར་གྱུར། འོན་ཀྱང་ལུ་དབྱི་སི་ཌེ་ཁཱརི་ནིས་ལས་གྲོགས་གྲོངས་པའི་མྱ་ངན་གྱིས་མ་ནོན་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་མུ་མཐུད་པར་རྒྱག་ཞིབ་འཇུག་བྱེད་པའི་བརྟུལ་ཞུགས་དང་དུ་བླངས། དེ་ཡང་ཉིན་ཞིག་ཁོང་གིས་དངུལ་ཆུ་བྱུགས་པའི་ཟངས་ཤོག་ཅིག་ལ་འོད་ལེན་དུ་འཇུག་སྐབས་གློ་བུར་དུ་ལྷ་ལམ་ཡངས་པའི་ཁྱོན་ཡོངས་ཆུ་འཛིན་ལང་ལོང་དུ་འཁྲུགས་པས་ཁེབས་གཤིས་ཉི་འོད་སྒྲིབ་ས་མི་མངོན་པར་གྱུར་པ་ན། འོད་ལེན་མ་ལྡེང་བའི་ཟང་ཤོག་དེ་ཡང་སྨན་སྒམ་ནང་དུ་མ་བླུགས་ཐབས་མེད་བྱུང་། དེ་ས་ཉིན་གསུམ་ཕྱིན་རྗེས་ཁོང་གིས་དངུལ་ཆུ་བྱུགས་པའི་ཟངས་ཤོག་དེ་བཏོན་ནས་གཟིགས་སྐབས། དེའི་སྟེང་དུ་སྔར་དང་མ་འདྲ་བའི་འདྲ་པར་ཞིག་གསལ་པོར་མངོན་རྒྱུ་ཡོད་སྟབས། ཁོང་གིས་འཕྲལ་མར་སྒམ་ནང་དུ་ཡོད་པའི་རྫས་འགྱུར་དངོས་རིགས་ཡོད་ཚད་དང། ཐ་ན་དྲོ་གྲང་དཔྱད་ཆས་ནང་གི་དངུལ་ཆུ་ཡང་མར་བཏོན་ནས་ཚོད་ལྟའི་སྨན་སྦྱོར་དུ་བསྟེན་ན་རང་ཉིད་ཀྱི་བསམ་ཚོད་མངོན་འགྱུར་བྱེད་ཐུབ་སྙམ།

དེ་ཡང་ཁོང་གིས་ཏེན་གྱུར་དངུལ་ཤོག་ལ་དུས་ཚོད་ཐུང་ངུར་འོད་ལེན་དུ་བཅུག་ལ། དེ་ནས་བརླན་བྱེད་དངུལ་ཆུའི་ཉིང་ཁུས་བཀྲུས་ཏེ་གཟུགས་དབྱིབས་ཐོན་པར་གནང་བ་དང། དེ་རྗེས་སླར་ཡང་སོ་ཏལ་བུལ་ཏོག་བཞུ་ཁུས་བཀྲུས་ཏེ། གཟུགས་དབྱིབས་བརྟན་པོ་ཆགས་པ་བྱས་རྗེས་དྭངས་ཤིང་གསལ་བའི་འདྲ་པར་ཞིག་མིག་ཤེས་ཀྱིས་ལོངས་སུ་སྤྱོད་པའི་ཡུལ་དུ་དངོས་སུ་འགྱུར་ཐུབ་པ་བྱུང་། དེ་ལྟར་འཛམ་གླིང་ཐོག་ཏུ་འདྲ་པར་གྱི་མེས་པོ་དངོས་སུ་སྐུ་བལྟམས་ཤིང་ཞལ་གྱི་དཀྱིལ་འཁོར་ངོམས་པར་གྱུར་ཏོ།
 [ཝེ་ཁེ་རིག་མཛོད་ལས།] ལུ་དབྱི་སི་ཌེ་ཁཱརི་གྱིས་དུས་ཡུན་སྐར་མ་བཅུ་བཏང་ནས་ལེན་པའི་ "Boulevard du Temple" འདྲ་པར། སྐབས་དེར་པར་ལེན་པའི་དུས་ཡུན་རིང་བའི་རྐྱེན་གྱིས་རྒྱ་ལམ་སྒང་གི་རླང་འཁོར་འགྲོ་བསྐྱོད་བྱེད་པ་དེ་དག་འཐེབ་མེད། འོན་ཀྱང་དེའི་སུ་འགྲོ་ལམ་གྱི་ཟུར་དུ་མི་ཞིག་གྱི་ལྷམ་རྩི་ནག་པོ་བཏང་རོགས་བྱེད་བཞིན་པ་དེ་མངོན་ཐུབ།

ལུ་དབྱི་སི་ཌེ་ཁཱརི་གྱིས་གསར་གཏོད་རྣམ་གྲངས་འདིའི་མིང་ལ་ཌེ་ཁཱརི་པར་རྒྱག་ལག་རྩལ་ (daguerreotype) ཞེས་མིང་ཐོགས་པ་དང། དངོས་ཁམས་རིག་པའི་གནས་ལ་དབང་བསྒྱུར་བ་ཧྥ་ལང་སུའུ་ཨ་ལ་ཀུང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྤྱི་ལོ་ 1834 ལོར་ཧྥ་རན་སིའི་ནང་སྲིད་ལྷན་ཁང་ནས་ཌེ་ཁཱརི་པར་རྒྱག་ལག་རྩལ་གྱི་སྒེར་སྤྱོད་བདག་དབང་ཉོས་ཤིང། ལུ་དབྱི་སི་ཌེ་ཁཱརི་ལ་ཡང་ལོ་ཕོགས་ཧྥ་དངུལ་སྒོར་དྲུག་སྟོང་སྤྲོད་རྒྱུ་བྱས་པ་རེད།

ལུ་དབྱི་སི་ཌེ་ཁཱརི་གྱི་པར་རྒྱག་ལག་རྩལ་བྱུང་བ་ནས་བཟུང། སྐབས་གཅིག་རིང་སྤྱི་ཚོགས་སྟེང་དུ་མི་ངམང་ཆེ་བ་པར་རྒྱག་རྒྱུར་དགའ་བའི་ཚ་རླབས་ཤིག་འཕྱུར་ཞིང་སྤྱི་ཚོགས་སྟེང་དུ་མི་སྣ་གྲགས་ཅན་དང། ཆེད་ལས་མཁས་ཅན་མང་ཆེ་བ་རྣམས་ཀྱང་པར་རྒྱག་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད་ལ་ཧྥ་རན་སིའི་རི་མོ་མཁས་ཅན་མོ་ལིས་སིས་ཀྱང་ 1839 ལོ་དེར་རང་གི་ལོ་མང་བྱེད་མྱོང་བའི་ལས་ཀ་དེ་དོར་ཏེ་པར་རྒྱག་བྱ་བའི་ནང་དུ་ཞུགས་ཏེ། རིན་ཐང་ལ་ཧྥ་དངུལ་སྒོར་གཞི་བརྒྱ་ཡིན་པའི་ཌེ་ཁཱརི་པར་ཆས་ཞིག་འཁྱེར་ནས་གྲོང་ཁྱེར་དང་གྲོང་གསེབ་ནས་པར་དཔེ་གསར་ཤིན་ཏུ་མང་པོ་བླངས་པས། རི་མོའི་བྱ་གཞག་ལ་གྱོང་གུན་ཆེན་ཕོག་པ་རེད། ཌེ་ཁཱརི་པར་རྒྱག་ལག་རྩལ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བ་དང། དེའི་འོད་ལེན་དུས་ཚོད་ཀྱང་ཆུ་ཚོད་ཁ་ཤས་ནས་སྐར་མ་ཁ་ཤས་རེ་བར་ཐུང་དུ་ཐུང་དུ་འགྲོ་བ་ན། སྐར་མ་འགའ་ཤས་ནང་འགུལ་མེད་དངོས་པོ་དང་། སྡོད་ཁང་དང་རང་བྱུང་ཡུལ་ལྗོངས་བས་པར་དུ་ལེན་ཐུབ་པ་མ་ཟད། མིིའི་གཟུགས་བརྙན་ཡང་པར་དུ་ལེན་ཐུབ་ཀྱི་ཡོད་པ་རེད། ཁྱད་པར་དུ་མིའི་གཟུགས་བརྙན་པར་དུ་ལེན་རྒྱུ་ནི་སྐབས་གཅིག་རིང་སྙན་གྲགས་ཕྱོགས་བཅུར་ཁྱབ་པའི་མཆོག་འགྱུར་གྱི་བརྗོད་བྱ་ཞིག་ཏུ་གྱུར་པ་སོགས་ལ་བརྟེན། གསར་བྱུང་གི་ལས་རིགས་ཏེ་པར་ཁང་ཡང་སྐྱེས་སྟོབས་ཀྱི་མཐུན་རྐྱེན་ཡོངས་སུ་རྗོགས་པར་བྱུང་ངོ།།

ཟླ་བ་བཟང་པོས་བསྒྱུར། ཤེས་བྱའི་ཟེགས་མ་དུས་དེབ་ཨང་ 31 ནས་ཟུར་འདོན་བྱས།

Post a Comment

Previous Post Next Post