སྤེལ་མཁན། : Sonam Dawa 4/08/2015


མིག་སྔར་རང་རྒྱལ་གྱིིས་ཧུར་བརྩོན་ཆེན་པོས་སྙི་བའི་ཚན་རིག་ཞིབ་འཇུག་དར་སྤེལ་བྱེད་བཞིན་ཡོད་པ་རེད། འོ་ན། ག་འདྲ་ཞིག་ལ་སྙི་བའི་ཚན་རིག་ཟེར་བ་དང་། དེར་ཕན་ནུས་ཅི་འདྲ་ཞིག་ཡོད་དམ་ཞེ་ན།

“སྙི་བའི་ཚན་རིག” ནི་ཅི་འདྲ་ཞིག་ལ་ཟེར་མིན་འདི་ད་དུང་ཡང་དག་པའི་མཚན་ཉིད་ངེས་གཏན་ཞིག་བྱུང་མེད། སྙི་བའི་ཚན་རིག་ཅེས་པ་དེ་ནི་མིང་ཚིག་གཡར་མ་ཞིག་ཡིན་པ་དང་དེ་དང་ “སྲ་བའི་ཚན་རིག” གཉིས་བལྟོས་བཅས་ཀྱི་སྒོ་ནས་བརྗོད་པ་ཞིག་རེད། མི་ཚོས་གློག་རྡུལ་རྩིས་རྒྱག་འཕྲུལ་ཆས་ཀྱི་ ”སྙི་ཆས” དང་ ”སྲ་ཆས” ཞེས་པའི་ཐ་སྙད་གཉིས་པོ་གཡར་ཏེ་དེང་རབས་ཀྱི་རིག་གཞུང་ཚན་ཁག་གསར་པར་ “སྲ་བའི་ཚན་རིག” དང་ “སྙི་བའི་ཚན་རིག” ཞེས་བརྗོད་ཀྱི་ཡོད། དཔེར་ན་དངོས་ཁམས་རིག་པ་དང་། རྫས་འགྱུར་རིག་པ་། ཚན་རིག་ལག་རྩལ་གྱི་ལྷུ་ཚིགས་རྣམས་སྒྲིག་འཛུགས་དང་། དོ་དམ། འཆར་བཀོ། བཀོད་སྒྲིག །སྔོན་དཔག་སོགས་བྱེད་པ་དེར་ “སྙི་བའི་ཚན་རིག” ཟེར་བ་ལྟ་བུ་ཡིན་ཞིང་། “སྙི་བའི་ཚན་རིག” ཅེས་པ་དེ་སྤྱི་ཚོགས་དང་། དཔལ་འབྱོར། ཚན་རིག་ལག་རྩལ་བཅས་འཕེལ་རྒྱས་འཚམ་པོར་འགྲོ་རྒྱུར་ཞིབ་འཇུག་བྱེད་པའི་ཕྱོགས་བསྡུས་རང་བཞིན་ལྡན་པའི་ཚན་རིག་ཅིག་རེད། དེའི་ནུས་པ་གཙོ་བོ་ནི་དེང་རབས་སྤྱི་ཚོགས་ཀྱི་རྙོག་འཛིང་ཆེ་བའི་སྲིད་ཇུས་གནད་དོན་གསལ་བཤད་བྱས་ནས། ཐབས་ཇུས་ཚན་རིག་ཅན་དང་དོ་དམ་་དེང་རབས་ཅན་དུ་འགྱུར་བ་བྱེད་རྒྱུར་ཞབས་འདེགས་སུ་ཞུ་རྒྱུ་དེ་རེད།

སྙི་བའི་ཚན་རིག་ནི་དུས་རབས་བཅུ་དགུ་པའི་དུས་སྨད་དུ་དར་བ་ཞིག་ཡིན་ཞིང་ད་ལྟ་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག །ཨར་ལས་ལག་རྩལ་སོགས་རིག་པའི་རྣམ་གྲངས་མང་པོ་སྣོལ་བའི་གསར་དར་གྱི་ཚན་རིག་ཞིག་ཏུ་འཕེལ་རྒྱས་སོང་ཡོད། ཕྱོགས་བསྡུས་ཀྱི་རང་བཞིན་ཁྱད་ཆོས་སུ་མཚོན་པའི་ཚན་རིག་དེ་བརྡ་འཕྲིན་ཚན་རིག་དང་། རྒྱུད་རིམ་བཟོ་སྐྲུན། སྤྱི་ཚོགས་བཟོ་སྐྲུན་སོགས་ཀྱི་གཞུང་ལུགས་སམ་བྱེད་ཐབས་ཁག་མང་པོ་བེད་སྤྱོད་བྱས་ནས་སྡེ་ཁག་བརྒལ་ཞིག་རིག་པའི་རྣམ་གྲངས་མང་བའི་ཕྱོགས་བསྡུས་ཀྱི་ཞིབ་འཇུག་བྱེ་པ་ཞིག་རེད། དེའི་ཞིབ་འཇུག་བྱ་ཡུལ་མང་ཆེ་བ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་རྒྱུར་འབྲེལ་བ་དམ་ཟབ་ཡོད་པའི་ཆེ་མཐོང་མ་ལག་ཆེན་པོ་ཞིག་རེད། དུས་མཚུགས་སུ་གློག་རྡུལ་རྩིས་རྒྱག་འཕྲུལ་ཆས་སོགས་སྔོན་ཐོན་ལག་རྩལ་བྱ་ཐབས་བཀོལ་སྤྱོད་བྱས་ནས་ངོ་བོ་གཏན་འཁེལ་གྱི་་དབྱེ་ཞིབ་དང་ཚད་གཞི་གཏན་འཁེལ་གྱི་དབྱེ་ཞིབ་ཟུང་འབྲེལ་བྱས་པ་དང་། དཔེ་མཚོན་གྱི་ཞིབ་འཇུག་དང་འཕེལ་ཕྱོགས་ཀྱི་ཞིབ་འཇུག་ཟུང་འབྲེལ་བྱས་ཏེ་གནས་ཚུལ་འཕེལ་ཕྱོགས་ནས་ཞིབ་འཇུག་བྱ་ཡུལ་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་དང་། ཞིབ་དཔྱད། དཔག་རྩིས་བཅས་བྱེད་པར་བརྟེན་ནས་གདམ་ཀ་བྱས་ཆོག་པའི་ཇུས་གཞི་བཏོན་ནས་མི་ཚོས་ཐབས་ཇུས་གཏན་ལ་འབེབས་རྒྱུའི་གཞི་འཛིན་ས་བྱེད་ཆོག་པས། ཐབས་ཇུས་འཛོལ་བའི་རྐྱེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གྱོང་གུན་ཚབས་ཆེན་བཟོ་བ་རྣམས་སྔོན་འགོག་བྱེད་ཐུབ། དེར་བརྟེན་ཕྱི་རྒྱལ་དུ་སྙི་བའི་ཚན་རིག་ཞིབ་འཇུག་ལས་ཁངས་ལ་ “བློ་གྲོས་ཚོགས་པ” དང་ “ཚན་རིག་གི་ཇུས་བཀོད” ཟེར་གྱི་ཡོད་པ་རེད།

ཉེ་བའི་ལོ་ཤས་ནང་རང་རྒྱལ་གྱི་སྙི་བའི་ཚན་རིག་ཞིབ་འཇུག་བྱེད་མཁན་ཚོས་འབད་བརྩོན་ཆེན་པོ་བྱས་པས་ “སྙི་བའི་ཚན་རིག” འདི་རྒྱལ་ཁབ་ཀྱི་ཆེ་མཐོང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐབས་ཇུས་ནང་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅིང་།་རང་རྒྱལ་གྱི་སྙི་བའི་ཚན་རིག་ཞིབ་འཇུག་ལས་ཀ་འདི་ཉམས་མེད་གོང་འཕེལ་འགྲོ་ངེས་ཡིན།

ངག་དབང་ཕུན་ཚོགས་ཀྱིས་བསྒྱུར།
ཤེས་བྱའི་ཟེགས་མ་དེབ་ཨང་39ལས་བཏུས།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།