བྱ་རྒོད་ནི་ཤི་ཟིན་པའི་རོ་ཁོ་ན་ལ་བསྟེན་པའི་སྲོག་ཆགས་ཤིག་ཡིན། ཁོང་ཚོས་ཤི་རོ་སོས་པ་ཙམ་མ་ཡིན་པར་ཕྱེད་རུལ་ཟིན་པའི་རོ་ཡང་བདེ་བླག་ངང་འཇུ་ཐུབ་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བྱ་རྒོད་ཀྱི་ཕོ་བའི་དྲོད་ཆེ་རབས་དང་འཇུ་བྱེད་ཀྱི་ནུས་པ་ཆེ་རབས་སོགས་སྨན་གཞུང་གཙོས་པའི་སྲོལ་རྒྱུན་གྱི་རིག་གནས་མང་པོའི་ནང་མཐོང་རྒྱུ་ཡོད། འོན་ཀྱང་ཁོང་ཚོའི་ཕོ་བའི་ཁྱད་ཆོས་གང་འདྲ་ཞིག་གི་རྐྱེན་པས་ཤ་རུལ་འཇུ་ཐུབ་མིན་ཤེས་ཀྱི་མེད། ཚན་རིག་པ་ཚོ་ལ་ཡང་དེ་བཞིན་དུ་ཡ་མཚན་སྐྱེ་མྱོང་བ་དང་། བརྟག་དཔྱད་རིམ་པར་བྱེད་མྱོང། འོན་ཀྱང་ཉེ་དུས་ཌེན་མག་རྒྱལ་ཁབ་ནང་ཡོད་པའི་ཨར་ཧ་ས་ Aarhus གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་པ་ཁག་ཅིག་གིས་འདོན་སྤེལ་བྱས་པའི་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་གི་ནང་བྱ་རྒོད་ལ་དེ་ལྟའི་ནུས་པ་ཡོད་དོན་ཤེས་རྟོགས་བྱུང་ལུགས་བཤད་ཡོད། སྤྱིར་སྲོག་ཆགས་གང་འདྲ་ཞིག་ཡིན་ཡང་དེའི་པགས་པའི་སྟེང་དང་། ཕོ་བ་དང་རྒྱུ་མའི་ནང་དུ་ཕྲ་འབུ་ཐེར་འབུམ་མང་པོ་འཚོ་སྡོད་བྱེད་པ་དང་དེ་དག་གིས་ང་ཚོར་ཟས་འཇུ་བ་སོགས་རིམ་པ་འདྲ་མིན་གྱི་ཕན་གྲོགས་བྱེད་ཀྱི་ཡོད་ལ་ཞོར་དུ་ཁོང་ཚོ་རང་ཉིད་ཡང་ལྟོ་གནས་གཉིས་ཀ་འབད་བརྩོན་ཆེན་པོ་མི་དགོས་པར་ཐོབ་ཀྱི་ཡོད་པས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་གནས་ཀྱི་ཡོད། འོན་ཀྱང་མི་དང་སེམས་ཅན་ཚང་མར་རང་གི་ལུས་པོར་འཚོ་བའི་ཕྲ་འབུའི་རྣམ་པ་དང་གྲངས་ཐ་དད་ཡིན་པས་སྲོག་ཆགས་གཞན་ནས་སླེབས་པའི་ཕྲ་འབུ་གསར་པ་ཞིག་ངེད་ཚོའི་ལུས་པོའི་ནང་འབྱོར་སྐབས་ང་ཚོར་གནོད་གཞི་འདྲ་མིན་སྐྲུན་པ་དང་ཡོད་བཞིན་པའི་ཕྲ་འབུའི་ཁོར་ཡུག་དཀྲོག་པ་སོགས་དཀའ་ངལ་མང་པོ་སྐྲུན་གྱི་ཡོད།

གོང་གསལ་སློབ་གཉེར་ཁང་གི་ཚན་རིག་པ་ཚོས་བྱ་རྒོད་ཀྱི་ཕོ་བ་དང་ཟས་རུལ་འཇུ་བའི་ནུས་པ་ཁྱད་པར་ཅན་དེ་དང་ཁོང་ཚོའི་ལུས་པོའི་ནང་ཡོད་པའི་ཕྲ་འབུའི་བར་འབྲེལ་བ་ཡོད་མེད་དཔྱད་པ་བྱེད་སྐབས། བྱ་རྒོད་ཀྱི་མགོ་དང་གདོང་པའི་པགས་སྟེང་དུ་ཕྲ་འབུའི་རིགས་མི་འདྲ་བ་ལྔ་བརྒྱ་ལྷག་དང་ཁ་གྲངས་ས་ཡ་མང་པོ་རྙེད་པ་མ་ཟད་ཕྲ་འབུ་དེ་དག་རྒྱུན་དུ་བ་ཕྱུགས་དང་རྟ། ཕག་པ་སོགས་ནུ་གསོའི་སེམས་ཅན་འདྲ་མིན་ནང་གནས་སྡོད་བྱེད་མཁན་ཡིན་པ་རྙེད་ཡོད། དེ་ནི་སེམས་ཅན་དེ་དག་གི་ཤི་རོ་ལས་བྱུང་བ་དང་བྱ་རྒོད་མ་ཡིན་པའི་སྲོག་ཆགས་གཞན་ཡིན་ཚེ་ཕྲ་འབུ་དེ་ཚོས་གནད་གཞི་སྣ་ཚོགས་སྐྲུན་སྲིད་པ་ཞིག་རེད། འོན་ཀྱང་ཁོང་ཚོས་བྱ་རྒོད་ཀྱི་ཕོ་བའི་ནང་དཔྱད་པ་བྱེད་སྐབས་དེར་ཕྲ་འབུ་རིགས་བདུན་ཅུ་ལྷག་ལས་མེད་པ་དང་དེ་དག་ལས་གཙོ་བོ་གཉིས་ཁོ་ན་ཡོད་པ་རྙེད་ཡོད། དེ་ནི་ང་ཚོ་མི་ལྟ་བུ་ནུ་གསོས་སེམས་ཅན་གཞན་གྱི་ཕོ་བའི་གནས་སྟངས་དང་རྩ་བ་ནས་ཐ་དད་ཆགས་ཡོད། བྱ་རྒོད་ཀྱི་ཕོ་བའི་ནང་རྙེད་པའི་ཕྲ་འབུའི་རིགས་གཉིས་ནི་ཀེ་ལོ་སེ་ཊི་རི་ཌི་ཡ་ Clostridia དང་ཕུ་སོ་བྷེག་ཊི་རི་ཡ་Fusobacteria གཉིས་ཡིན། ཕྲ་འབུ་འདི་གཉིས་ཀ་དུག་ངན་དྲག་པོ་སྐྲུན་མཁན་ཡིན་ནའང་བྱ་རྒོད་ལ་གནོད་པ་མི་བྱེད་པ་མ་ཟད་ཕྱི་ནས་སླེབས་པའི་ཕྲ་འབུ་གཞན་གསོད་པ་དང་ཟས་འཇུ་བའི་ཕན་གྲོགས་བྱེད་ཀྱི་ཡོད། དུག་གི་བྱ་རྒོད་ལ་མི་གནོད་པ་དང་འཇུ་བྱེད་མ་ལག་ལ་ཕན་ཐོགས་བྱེད་ཚུལ་སྐོར་ཉམས་ཞིབ་མུ་མཐུད་བྱེད་བཞིན་ཡོད།

Post a Comment

Previous Post Next Post