དུས་ཡུན་རིང་པོའི་སྔོན་ནསྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དེང་རབས་སློབ་གསོའི་ནང་སྙིང་ལྟ་བུའི་ཚན་རིག་སློབ་སྦྱོང་ཐད་ལ་ཐུགས་སྣང་ཆེན་པོ་ཡོད་པ་ལྟར། སྐྱབས་བཅོལ་ལ་འབྱོར་རྗེས་སུ་བོད་ཀྱི་གནའ་རབས་སློབ་གསོ་བརྒྱུད་འཛིན་དང་དར་སྤེལ་གཏོང་བའི་རྨང་གཞིའི་ཐོག  དེང་རབས་སློབ་གསོ་ཆ་ཚང་བ་ཞིག་ནང་འདྲེན་དང་དར་སྤེལ་ཡོང་ཐབས་སུ་བོད་ཀྱི་སློབ་གྲ་ཁག་ཟུར་འཛུགས་གནང་བ་དང༌། འདས་པའི་ལོ་ངོ་བཅུ་ཕྲག་རེ་འགའི་རིང་ལ་སློབ་གསོའི་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད། དེ་ལྟར་ཡང༌། ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་སྔར་སྲོལ་གང་ཡོད་སོར་བཞག་མ་གཏོགས་ཕྱིས་སུ་གསར་གཏོད་གང་ཡང་བྱས་མེད་པས། དུས་རབས་ཀྱི་ཁ་ཕྱོགས་དང་འཚམས་པའི་དེང་རབས་སློབ་གསོའི་ཐབས་ལམ་ཞིག་དེ་སྔོན་དགོན་སྡེ་ཁག་ཏུ་བྱུང་མེད། དེར་བརྟེན་ཕྱི་ལོ་༢༠༠༠ ལོར་ྋགོང་ས་མཆོག་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་དེང་རབས་ཚན་རིག་གི་སློབ་སྦྱོང་ངོ་སྤྲོད་བྱ་རྒྱུའི་ཐུགས་ཐག་འབད་བཅད་ཀྱིས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ལ་ལས་གཞི་འདི་ཉིད་ཀྱི་འགན་གནང་བ་མ་ཟད་ལས་འཆར་འདིའི་མ་རྩའང་གསོལ་བསྩལ་གནང་ཞིང༌། དེའི་ཐོག་ལ་ཨ་རི་བ་བྷོ་བྷི་སེགྷར་ནང་མིའི་ཐེབས་རྩ་ནས་ལོ་རེར་ཟླ་གཅིག་གི་ཟབ་སྦྱོང་ཐད་ཕྱི་ཕྱོགས་ནས་དགེ་རྒན་གདན་འདྲེན་རྒྱུ་སོགས་ཀྱིས་མཚོན་པའི་གྲོན་དངུལ་ཕྱེད་ཀ་འདོན་རྒྱུ་བཅས་ཀྱིས་ལས་གཞི་འདི་ཉིད་དངོས་སུ་འགོ་ཚུགས་པ་ཞིག་ཡིན། དེ་ལྟར་ཕྱི་ལོ་༢༠༠༠ ལོ་ནས་ད་བར་ལོ་རེར་ཟླ་གཅིག་རིང་ལ་ཆོས་བརྒྱུད་རིས་མེད་ཀྱི་གདན་སའི་དགེ་འདུན་པ་དྲུག་ཅུ་ལྷག་ལ་དེང་རབས་ཚན་རིག་ངོ་སྤྲོད་ཀྱི་ཟབ་་སྦྱོང་ཞིག་བསྟུད་མར་ཚོགས་ཤིང༌། བོད་ཀྱི་ཚན་རིག་དུས་དེབ་ཀྱང་ལས་གཞི་འདི་དང་མཉམ་དུ་འདོན་སྤེལ་བྱེད་འགོ་ཚུགས། དེ་སྔོན་ལས་གཞི་འདི་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་ཡིག་སྒྱུར་སྡེ་ཚན་ངོས་ནས་ལས་བྱེད་གོ་སྒྲིག་གིས་ཚུགས་ཀྱིན་ཡོད།

ཕྱི་ལོ་༢༠༠༦ ལོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་འཕོ་འགྱུར་བྱུང་ཞིང༌། འགན་འཛིན་གསར་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚན་རིག་ལས་གཞི་འདིར་ཆེད་དུ་དམིགས་པའི་ལས་བྱེད་བསྐོ་བཞག་དང་ཚན་རིག་སྡེ་ཚན་འདི་ཉིད་ཟུར་དུ་བཙུགས། ཚན་རིག་སློབ་སྦྱོང་གི་ལས་འཆར་འདིའི་དམིགས་ཡུལ་ནི་ཟླ་རེར་ཟབ་སྦྱོང་ཐེངས་རེར་ཚོགས་རྒྱུ་ཙམ་དང༌། དགེ་འདུན་པ་ཉུང་ཤས་ཤིག་ལ་ཚན་རིག་ངོ་སྤྲོད་བྱེད་ཐུབ་ཐབས་ཙམ་མ་ཡིན་པར། དེང་རབས་ཚན་རིག་གི་ཤེས་བྱ་ཁག་རིམ་བཞིན་བོད་སྐད་ཡིག་ཐོག་ཕབ་སྒྱུར་དང༌། མི་རབས་ཕྱི་མ་ཚོར་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་ནས་དེང་རབས་ཚན་རིག་གི་གོ་རྟོགས་སད་ཐུབ་པ་ཞིག་ཡོང་རྒྱུ་དེ་ཡང་ཕུགས་འདུན་ཉག་གཅིག་ཡིན་པས། ལོ་རེར་ཐེངས་གཉིས་རེར་འདོན་སྤེལ་བྱེད་ཀྱིན་པའི་བོད་ཀྱི་ཚན་རིག་དུས་དེབ་ཐོག་ལ། ལོ་རེར་ཐེངས་བཞི་རེར་པར་སྐྲུན་འདོན་སྤེལ་བྱེད་བཞིན་པའི་ཚན་རིག་ཚགས་པར་གསར་གཏོད་བྱས།

ཕྱི་ལོ་༢༠༠༦ ལོར་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་སྡེ་ཁག་དང་མཉམ་དུ་ལས་གཞི་འདིའི་ཐད་ལ་མཉམ་ལས་བྱ་རྒྱུའི་གན་རྒྱ་བཞག་པ་དང༌། ལོ་རེར་ཟླ་རེར་ཚོགས་བཞིན་པའི་ཚན་རིག་ཟབ་སྦྱོང་འདི་ཉིད་རྒྱ་སྐྱེད་ཀྱིས་ྋགོང་ས་སྐྱབས་མགོན་མཆོག་གི་དགོངས་བཞེད་དངོས་སྟེ། ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་ཏུ་དེང་རབས་ཚན་རིག་གི་སློབ་ཚན་ཞིག་གཏན་ཆགས་སུ་ཚུགས་རྒྱུའི་ཕྱོགས་སུ་གོམ་པ་སྤོ་འགོ་བརྩམས། ལས་གཞི་འདིར་བོད་ཀྱི་དཔེ་མཛོད་ཁང་དང་ཨེ་མོ་རི་ཚན་རིག་ལས་འཆར་ཞེས་མིང་བཏགས་ནས་འདི་ལོ་ནས་ལོ་རེར་ཚན་རིག་ཟབ་སྦྱོང་ཚོགས་བཞིན་ཡོད་ལ། སློབ་ཚན་ཁག་ཀྱང་བོད་སྒྱུར་གྱིས་བོད་དབྱིན་ཤན་སྦྱར་ཐོག་དགོས་ངེས་ཀྱི་སློབ་དེབ་ལོ་རེར་པར་སྐྲུན་བྱེད་ཀྱིན་ཡོད།  ཕྱི་ལོ་༢༠༠༠ ལོ་ནས་འགོ་ཚུགས་པའི་བྷོ་བྷི་སེ་གྷར་དང་དཔེ་མཛོད་ཁང་གཉིས་ཀྱི་ཚན་རིག་ཟབ་ཞུགས་དགེ་འདུན་པ་དྲུག་ཅུ་ལྷག་གི་ནང་ནས་སློབ་མ་༣༠ ལྷག་བདམ་སྒྲུག་གིས་ལོ་ངོ་ལྔའི་རིང་ལ་ཚན་རིག་དགེ་འོས་སྦྱོང་བརྡར་འཛིན་གྲྭའམ་ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་དེ་བཞིན་ཕྱི་ལོ་༢༠༠༨ ལོར་དངོས་སུ་འགོ་འཛུགས་བྱས་ཡོད།
Previous Post Next Post