རྒྱ་མཚོའི་ཚ་དྲོད་རྒྱས་པ་དང་འཁྱག་རོམ་བཞུར་བ་ལ་བརྟེན་ནས་རྒྱ་མཚོའི་ངོས་སམ་ཁ་མཐོ་རུ་འགྲོ་བཞིན་ཡོད་ལ། འཁྱག་རོམ་བཞུར་བ་དང་རྒྱ་མཚོའི་ཚ་དྲོད་འཕར་པས་རྒྱ་མཚོའི་རྒྱ་ཁྱོན་ཇེ་ཆེར་འགྲོ་བཞིན་ཡོད། དུས་རབས་༢༠ པའི་ནང་རྒྱ་མཚོའི་ཚད་མཐོ་རུ་ཕྱིན་པས་རྒྱལ་ཁབ་ ༡༥ ལྷག་ཙམ་ལ་དོ་ཕོག་དང་། ཚན་རིག་པ་ཚོས་ཡོང་རྒྱུའི་ལ་རབས་ཁག་གི་ནང་རྒྱལ་ཁབ་དེ་ལས་མང་བར་རིམ་པ་འདྲ་མིན་གྱི་དོ་ཕོག་ཡོང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད། དེ་ཡང་ད་བར་རླུང་ཁམས་ནང་ཚ་དྲོད་འཕེལ་བྱེད་ཀྱི་རླངས་རྫས། དཔེར་ན། ནག་རླངས་ཉིས་འགྱུར་ལྟ་བུ་ཤིན་ཏུ་མང་པོ་གློད་གཏོང་བྱས་པའི་ངན་འབྲས་ཡིན་པ་ཤོད་ཀྱི་ཡོད།
རྒྱ་མཚོའི་ངོས་ཀྱི་མཐོ་ཚད་སྨི་གཅིག་ཙམ་འཕར་བས་ཀྱང་དེའི་ཤུགས་རྐྱེན་ཤིན་ཏུ་ཆེ་བ་དང་། རྒྱལ་ཁབ་མང་པོའི་ནང་སྐམ་ས་མཚོ་འོག་ཤོར་བའི་དཀའ་ངལ་འཕྲད་རྒྱུ་དང་། དེ་ལ་བརྟེན་ན་མི་རྒྱུ་གཉིས་ལ་གནོད་སྐྱོན་ཤིན་ཏུ་ཆེ་བ་འཕྲད་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད། ལྷག་པར་དུ་ཧིན་ཌུ་རྒྱ་མཚོ་དང་། ཞི་བདེའི་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་མང་པོ་ཞིག་མཚོ་འོག་ཡོངས་སུ་ནུབ་ནས་དེར་གནས་མི་དང་སེམས་ཅན་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཡོད། དེ་ཙམ་མ་ཡིན་པར་རྒྱལ་ཁབ་ཕལ་ཆེ་བའི་གྲོང་འཁྱེར་ཆེ་ཁག་རྣམས་མཚོ་མཐའི་ཁུལ་དུ་ཆགས་ཡོད་པ་དང་། དེ་དག་ལས་ཆ་ཤས་མང་པོ་ཞིག་མཚོ་འོག་ནུབ་རྒྱུའི་ཚོད་དཔག་བྱེད་བཞིན་པ་མ་ཟད། གྲོང་འཁྱེར་མང་པོ་དཀའ་ངལ་དེ་འདྲ་དངོས་འཕྲད་བཞིན་པ་ཆགས་ཡོད། 

Post a Comment

Previous Post Next Post