སྤེལ་མཁན། : tsenrig 2/07/2014

ཚན་རིག་དང་འཕྲད་པ།
 
 ༄༅། །ང་ནི་སྒོ་ཕྱུགས་ཀྱིས་ཞིང་ཀ་རྨོས་ཤིང༌། ནས་ཀྱི་བཙས་མ་བརྔས་རྗེས་སླར་ཡང་སྒོ་ཕྱུགས་དེ་དག་བཀོལ་སྤྱོད་བྱས་ཏེ་གཡུལ་བརྡུངས་བྱེད་པའི་སོ་ནམ་པ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། ཕལ་ཆེར་ངའི་བྱིས་པའི་དུས་ཀྱི་འཇིག་རྟེན་དུ་འཕྲུལ་ལས་ཀྱི་དངོས་པོ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ནི་ས་གནས་ཀྱི་འབྲོག་པ་དཔའ་རྟུལ་ཚོས་དབྱིན་ཇིས་བཟུང་བའི་རྒྱ་གར་དང༌། ཨུ་རུ་སུ། རྒྱ་ནག་བཅས་ནས་ཉོས་ཡོང་བའི་བོའུ་ཁྲ་རིང་དེ་ཚོ་ཁོ་ན་རེད། ང་ལོ་ན་དྲུག་ལ་སོན་སྐབས་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་གྱི་ཁྲི་འདོན་བྱས་པར་མ་ཟད། ནང་ཆོས་ཀྱི་སློབ་གཉེར་ཆ་ཚང་བ་བྱེད་འགོ་བཙུགས། ང་ལ་ཉིན་རེའི་འབྲི་ཀློག་དང༌། ནང་ཆོས་ཀྱི་རྩ་བའི་མཚན་ཉིད་རིག་པའི་གཞུང༌། གསུང་རབ་དང་འདོན་ཆོག་བློ་འཛིན་བཅས་ཀྱི་སློབ་ཚན་འཁྲིད་མཁན་སྒེར་གྱི་ཡོངས་འཛིན་དུ་མ་ཡོད། དེ་བཞིན་ང་ལ་མཚན་ཞབས་ཀྱང་འགའ་ཤས་ཡོད། མཚན་ཞབས་ཞེས་པ་སློབ་གཉེར་ལ་རོགས་རམ་བྱེད་མཁན་གྱི་མཚན་ཉིད་ཞབས་ཕྱི་པ་ཡིན། ཁོང་ཚོའི་རྩ་བའི་ལས་འགན་ནི་ནང་ཆོས་ཀྱི་ལྟ་བའི་གནད་དོན་རྣམས་ང་དང་ལྷན་དུ་རྟགས་གསལ་གཏོང་རྒྱུ་དེ་རེད། ཞལ་འདོན་དང་སྒོམ་སྒྲུབ་ལའང་ང་རྒྱུན་རིང་པོར་ཞུགས་དགོས་པ་དང༌། སྐབས་འགར་ང་རང་གི་ཡོངས་འཛིན་དང་ལྷན་དུ་བསྙེན་མཚམས་ལ་བསྡད་དེ་ཉིན་རེར་ཐུན་བཞི་ལ་ཆུ་ཚོད་གཉིས་རེ་སྒོམ་བརྒྱག་དགོས། སློབ་གཉེར་བྱེད་སྟངས་འདི་ནི་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་མ་གལ་ཆེན་རིགས་ཀྱི་སློབ་སྦྱོང་བྱེད་ཚུལ་དང་ཕལ་ཆེར་འདྲ་མཚུངས་ཡིན། འོན་ཀྱང༌། རྩིས་རིག་དང༌། ས་གཤིས་རིག་པ། རྫས་འགྱུར་རིག་པ། སྐྱེ་དངོས་རིག་པ། དངོས་ཁམས་རིག་པ་སོགས་ལ་སྦྱོང་བརྡར་བྱས་མྱོང་མེད་པར་མ་ཟད། ཐ་ན་སྐབས་དེར་ངས་འདི་ཚོ་ཡོད་པའང་ཤེས་མེད།

ཕོ་བྲང་པོ་ཏཱ་ལ་ནི་ངའི་གཞུང་འབྲེལ་གྱི་དགུན་དུས་སྡོད་གནས་ཡིན། དེ་ནི་རི་བོ་ཞིག་གི་ངོས་ཡོངས་ལ་ཁྱབ་ཅིང་ཁང་མིག་ཆིག་སྟོང་ཙམ་གྱིས་གྲུབ་པའི་ཐོག་བརྩེགས་ཁང་ཆེན་ཞིག་རེད། ༼ངས་ཁང་མིག་དེ་ཚོའི་གྲངས་བགྲངས་མ་མྱོང༌།༽ ང་རང་བྱིས་པའི་སྐབས་སུ་ཁོམ་ལོང་ཡོད་དུས་གཟིམ་ཆུང་ཁ་ཤས་ནང་དུ་དངོས་ཆས་འདྲ་མིན་འཚོལ་བ་དེས་ང་ལ་སྤྲོ་སྣང་སྟེར་མྱོང༌། དེ་ནི་མཐའ་མེད་པའི་རྒྱུ་ནོར་འཚོལ་སྙེག་གི་འགྲུལ་བཞུད་ཅིག་དང་འདྲ། དེ་ཚོའི་ནང་དུ་ཅ་ལག་རྣམ་པ་སྣ་ཚོགས་ཡོད་ཀྱང་མང་ཆེ་བ་ནི་ཏཱ་ལའི་བླ་མ་སྐུ་གོང་མ་རྣམས་དང༌། ལྷག་པར་ང་རང་གི་སྐུ་གོང་མ་ཁོང་གི་ཅ་དངོས་བདག་གཅེས་བྱས་ཡོད་པ་དེ་ཚོ་རེད། ཕོ་བྲང་ནང་གི་ཅ་དངོས་ཆེས་ཡིད་དབང་འཕྲོག་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་བར་གྱི་སྐུ་གདུང་གི་མཆོད་རྟེན་རྣམས་ཡིན། སྐུ་ཕྲེང་ལྔ་པ་ནི་དུས་རབས་བཅུ་བདུན་པའི་ནང་དུ་བྱུང་ཞིང་དེང་སྐབས་ཀྱི་ཕོ་བྲང་པོ་ཏཱ་ལའི་རྣམ་པ་ནི་སྐབས་དེར་ཁོང་གིས་རྒྱ་བསྐྱེད་བྱས། ཅ་དངོས་འདྲ་མིན་དེ་ཚོའི་ཁྲོད་སྐུ་གོང་མར་བདག་པའི་འཕྲུལ་ཆས་ཀྱི་དངོས་པོ་ཁག་ཅིག་ལ་ངས་དོ་སྣང་བྱས་པ་ནི། རྐང་གསུམ་ལ་བཀར་ཆོག་པའི་རག་གི་བརྐྱང་བསྐུམས་རྒྱང་ཤེལ་ཞིག་དང༌། སྟེགས་བུ་ཞིག་གི་སྟེང་དུ་འཁོར་བསྐྱོད་བྱེད་པའི་སའི་གོ་ལ་དང་དེའི་ཟུར་དུ་འཛམ་གླིང་གང་སའི་དུས་ཚོད་སྟོན་པའི་ལག་སྒྲིམ་གྱི་ཆུ་ཚོད། དབྱིན་ཡིག་ནང་བྲིས་ཤིང་རི་མོའི་འགྲེལ་བཤད་ལྡན་པའི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་དེབ་མི་ཉུང་བ་ཁག་ཅིག་བཅས་ཡིན།

དངོས་པོ་དེ་ཚོ་ཁ་ཤས་ཤིག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་གྲོགས་པོ་ཆེར་ལེ་སི་སྦེ་ལི་༼Sir Charles Bell༽ནས་ཕུལ་བའི་ལག་སྐྱེས་རེད། སྦེ་ལི་ནི་འབྲས་ལྗོངས་སུ་བསྡད་ཅིང་བོད་སྐད་ཤེས་པའི་དབྱིན་ཇིའི་ཆབ་སྲིད་པ་ཞིག་ཡིན། ཁོང་༡༩༡༠ ལོར་རྒྱ་ནག་གོང་མ་མཐའ་མའི་གཞུང་གི་དམག་དཔུང་གིས་བོད་ལ་བཙན་འཛུལ་འཇིགས་སྐུལ་གྱིས། སྐུ་ཕྲེང་བཅུ་གསུམ་པ་གནས་སྐབས་རིང་དབྱིན་ཇིའི་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་སྐབས་བཞུགས་སའི་སྦྱིན་བདག་རེད། ཡ་མཚན་པ་ཞིག་ལ། རྒྱ་གར་ལ་སྐྱབས་བཅོལ་དང་ཚན་རིག་གི་རིག་གཞུང་གསར་རྙེད་བྱེད་པ་གཉིས་ང་རང་ལ་སྐུ་ཕྲེང་བཅུ་གསུམ་པས་སྐལ་བར་གནང་བ་ལྟ་བུ་ཡིན། རྗེས་སུ་ངས་ཤེས་རྟོགས་བྱུང་བ་ལྟར་སྐུ་ཕྲེང་བཅུ་གསུམ་པར་མཚོན་ན། དབྱིན་ཇིའི་རྒྱ་གར་དུ་གནས་སྐབས་རིང་བཞུགས་སྡོད་བྱས་པ་དེ་མིག་རྒྱ་བསྐྱེད་པའི་ཉམས་མྱོང་ཞིག་ཆགས་འདུག ཁོང་གིས་ཉམས་མྱོང་དེར་བརྟེན་ནས་བོད་ནང་གི་སྤྱི་ཚོགས་དང་ཆབ་སྲིད་ལ་བཅོས་བསྒྱུར་ཆེན་པོ་གཏོང་དགོས་པར་བསམས་ཤིང༌། ཕྱིར་ལྷ་སར་ཕེབས་རྗེས་ཁོང་གིས་ཏར་འཕྲིན་དང༌། སྦྲག་ཁང༌། བོད་ཀྱི་ཆེས་ཐོག་མའི་གློག་བཟོ་འཕྲུལ་ཁང་ཆུང་ངུ་ཞིག རྒྱལ་ཁབ་ཀྱི་དངུལ་ཊམ་དང་ཤོག་སྒོར་གྱི་པར་ཁང་བཅས་གསར་འཛུགས་བྱས། དེ་བཞིན་ཁོང་གིས་ཆོས་ལུགས་དང་མ་འབྲེལ་བའི་དེང་རབས་ཀྱི་སློབ་གསོ་གལ་ཆེན་དུ་མཐོང་སྟེ་ཆེད་དུ་བདམས་པའི་བོད་ཀྱི་སློབ་ཕྲུག་འགའ་དབྱིན་ཇིའི་ར་གི་སྦད་༼ Rugby༽སློབ་གྲྭར་སློབ་སྦྱོང་བྱེད་པར་བཏང༌། སྐུ་ཕྲེང་བཅུ་གསུམ་པས་རང་ཉིད་དགོངས་པ་རྫོགས་སྐབས་འབྱུང་འགྱུར་ཆབ་སྲིད་ཀྱི་ཉམས་རྒུད་ཕལ་མོ་ཆེ་སྔོན་གཟིགས་ཀྱིས་ཁ་ཆེམས་ཡི་གེ་གལ་ཆེན་ཞིག་བཞག་ཡོད། འོན་ཀྱང༌། ཁོང་གི་རྗེས་ཀྱི་གཞུང་གིས་ཁ་ཆེམས་དེ་ཆ་ཚང་ཞིག་མ་རྟོགས་པ་དང༌། ཡང་ན་སྣང་མེད་དུ་བསྐྱུར་འདུག

སྐུ་ཕྲེང་བཅུ་གསུམ་པའི་ཕྱག་ཏུ་སོན་པའི་འཕྲུལ་ཆས་ཀྱི་དངོས་པོ་གཞན་ཚོའི་ཁྲོད་ངའི་དོ་སྣང་བྱ་ཡུལ་ནི། ཁུག་མའི་ཆུ་ཚོད་གཅིག་དང༌། གློག་བརྙན་སྟོན་བྱེད་ཀྱི་འཕྲུལ་འཁོར་གཉིས། རླངས་འཁོར་གསུམ་བཅས་ཡིན།༼Two Baby Austins from 1927 and a 1931 American Dodge༽ ཧི་མ་ལ་ཡའི་རི་བོ་བརྒྱུད་ནས་བོད་ལ་རླངས་འཁོར་གཏོང་སའི་ལམ་ཁ་མེད་སྟབས། རླངས་འཁོར་དེ་ཚོ་རྒྱ་གར་དུ་ལྷུ་ལག་གཏོར་ཏེ་དོས་སྐྱེལ་བ་དང༌། དྲེལ་དང་བོང་བུ་སོགས་ཀྱིས་ཧི་མ་ལ་ཡ་བརྒྱུད་ནས་ལྷ་ས་རུ་དབོར་འདྲེན་བྱས། ལྷ་སར་དེ་དག་སླར་ཡང་བསྐྱར་དུ་བསྒྲིགས་ཏེ་སྐུ་ཕྲེང་བཅུ་གསུམ་པར་ཕུལ་བ་ཞིག་རེད། ཡུན་རིང་པོ་ཞིག་ལ་བོད་ཧྲིལ་པོར་ཡོད་པའི་རླངས་འཁོར་ནི་འདི་གསུམ་ཡིན། འོན་ཀྱང༌། ལྷ་སའི་ཕྱི་རོལ་ཏུ་རླངས་འཁོར་བགྲོད་ལམ་མེད་སྟབས་དེ་ཚོ་བེད་མེད་དུ་གྱུར་ཡོད། ཕྱི་ཕྱོགས་ན་འཕྲུལ་ལས་ཀྱི་རིག་གཞུང་ཞིག་ཡོད་པ་ཤུགས་སུ་སྟོན་པའི་བཅའ་དངོས་འདི་ཚོས། ཤེས་འདོད་ཀྱི་བློ་རང་བཞིན་དུ་ལྡན་ཞིང་སྡོད་ཚུགས་མེད་པའི་བྱིས་པ་ཞིག་གི་ཡིད་དབང་མེད་དུ་ཕྲོགས། མཚན་ཉིད་རིག་པར་སློབ་གཉེར་དང་དཔེ་ཆ་བློ་འཛིན་བྱེད་པ་ལས་དངོས་ཆས་དེ་དག་གཏོར་སྒྲིག་བྱས་ཏེ་སྣང་བ་སྐྱིད་པའི་དུས་ཚོད་མང་པོ་བསྐྱལ་བ་ངས་ད་ལྟ་ཡང་གསལ་པོར་དྲན། དེང་སང་ལྟ་དུས་དངོས་ཆས་དེ་ཚོ་རང་ངོས་ནས་རྩེད་ཆས་ལས་གཞན་ཅི་ཡང་མིན། འོན་ཀྱང༌། དེ་དག་གིས་ང་ལ་མཐོང་ཐོས་དང་ཉམས་མྱོང་མེད་པའི་ཤེས་བྱའི་འཇིག་རྟེན་ཧྲིལ་པོ་ཞིག་གི་ཟུར་ཞིག་བསྟན་པ་དང༌། འཇིག་རྟེན་དེས་ང་ལ་ཤེས་འདོད་ཀྱི་བློ་ཞིག་མུ་མཐའ་མེད་པར་བསླངས། ཕྱོགས་གཅིག་ནས། དེབ་འདི་ནི་འཇིག་རྟེན་དེ་འཚོལ་ཞིབ་ཀྱི་བརྒྱུད་རིམ་དང༌། འཇིག་རྟེན་དེས་ང་ཚོར་ཆེས་ཕུལ་བྱུང་གི་ཤེས་བྱ་དང་གསར་གཏོད་ཅི་ཞིག་སྤྲད་ཡོད་པའི་སྐོར་ཡིན།

རྒྱང་ཤེལ་དེ་བེད་སྤྱོད་བྱེད་པར་ང་ལ་དཀའ་ངལ་ཅི་ཡང་འཕྲད་མ་བྱུང༌། འདི་གང་གི་ཆེད་དུ་ཡིན་པ་ང་ལ་གསལ་པོ་ཆགས་ཤིང༌། རིང་པོ་མ་འགོར་བར་ངས་རྒྱང་ཤེལ་བརྒྱུད་ནས་གྲོང་རྡལ་ལྷ་སའི་འཚོ་བའི་བྲེལ་ཟིང་དང༌། ལྷག་པར་ཚོང་ར་ལ་ཞིབ་ལྟ་བྱས་པ་ཡིན། ངས་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་ང་དང་ལོ་ན་འདྲ་བའི་བྱིས་པ་ཚོ་སྲང་ལམ་དུ་ཡར་རྒྱུག་མར་རྒྱུག་བྱེད་པའི་བག་ཡངས་དེ་ང་ལའང་ཡོད་ན་ཅི་མ་རུང་བསམ་བྱུང༌། ཕྱིས་སུ་ངས་རྒྱང་ཤེལ་བརྒྱུད་ནས་པོ་ཏཱ་ལའི་སྟེང་ཕྱོགས་ཀྱི་ནམ་མཁའ་ལ་བལྟས་ནས་ཞབས་ཕྱི་པ་ཚོར་སྐར་མ་དང་སྐར་ཚོགས་ཚོའི་མིང་དྲིས་མྱོང༌། མཐོ་སྒང་བོད་ཀྱི་ནམ་མཁའི་སྐར་ཚོགས་ནི་ཆེས་མཚར་སྡུག་ལྡན་པ་ཞིག་ཡིན།

ཁུག་མའི་ཆུ་ཚོད་དེ་ཅི་ཞིག་གི་ཆེད་དུ་ཡིན་པ་ངས་གསལ་པོར་ཤེས་མོད། འོན་ཀྱང༌། དེས་ལས་ཀ་ཇི་ལྟར་བྱེད་པའང་ཤེས་ན་འདོད་པས། གནས་སྐབས་ཤིག་ལ་མགོ་འཐོམས་ནས་དེའི་སྐོར་ལ་བསམ་བློ་བཏང་བ་ཡིན། རྗེས་སུ་ཤེས་འདོད་ཀྱི་བློ་དེ་ཤུགས་ཆེ་དྲགས་པས་ངས་ཤུབས་སྒམ་ཁ་ཕྱེས་ཏེ་ནང་གི་ཆ་ཤས་རྣམས་ཡོངས་སུ་རང་སར་གཏོར་ནས་བལྟས། འོན་ཀྱང༌། དཀའ་ངལ་ཞིག་ནི་ཆ་ཤས་དེ་ཚོ་ཚང་མ་སླར་ཡང་བསྒྲིགས་ཏེ་སྔར་བཞིན་ལས་ཀ་བྱེད་དུ་འཇུག་རྒྱུ་དེ་རེད། འདི་ལྟར་འཕྲུལ་དངོས་གཏོར་བསྒྲིགས་བྱེད་པའི་ངའི་ཚེ་གང་གི་རང་མོས་ཞོར་ལས་འགོ་བཙུགས། ང་རང་ཆུ་ཚོད་གཏོར་བསྒྲིགས་འདི་ལ་བྱང་ཆ་ཐོན་ཏེ་ལྷ་སར་ཆུ་ཚོད་ཡོད་པའི་མི་ངོ་ཤེས་པ་ཚོའི་ཆུ་ཚོད་བཟོ་མཁན་གཙོ་བོ་ཆགས་ནའང༌། ཕྱིས་སུ་རྒྱ་གར་ནང་དུ་ང་ལ་ཁུ་བྱུག་ཆུ་ཚོད་ཅིག་ཡོད་པ་དེའི་ཁུ་བྱུག་ལ་ངའི་བྱི་ལས་གཏོར་སྐྱོན་བཏང་བར་ངས་བཟོ་བཅོས་རྒྱག་ཐུབ་མེད། གློག་རྫས་ལྡན་པའི་རང་འགུལ་གྱི་ཆུ་ཚོད་མང་པོ་དར་སྐབས་ང་རང་གི་རང་མོས་ཞོར་ལས་འདིའི་བྲོ་བ་ཡང་ཉམས་ཤིང༌། ཆུ་ཚོད་དེའི་རིགས་ཁ་ཕྱེས་པ་ཡིན་ནའང་ནང་དུ་འཕྲུལ་ལས་ཀྱི་མ་ལག་གང་ཡང་མི་འདུག

སྐུ་གོང་མའི་ལག་སྒུལ་གྱི་གློག་བརྙན་སྟོན་བྱེད་དེ་གཉིས་བཀོལ་སྤྱོད་བྱེད་རྒྱུ་ནི་དེ་འདྲའི་སླ་པོ་ཞིག་མ་རེད། རྒྱ་རིགས་ཡིན་པའི་ངའི་ཞབས་ཕྱི་གྲྭ་པ་ཞིག་གིས་དེ་གཉིས་ལས་གཅིག་བེད་སྤྱོད་བྱེད་ཐུབ་པ་བཟོས་ཤིང༌། ངས་ཁོང་ལ་དེ་བཀོད་སྒྲིག་བྱེད་རོགས་ལབ་ནས་ང་ཚོར་གློག་བརྙན་འགའ་ཡོད་པ་དེ་ཚོར་བལྟས་པ་ཡིན། ཕྱིས་སུ་གློག་ཤུགས་ལ་བརྟེན་པའི་གློག་བརྙན་སྟོན་བྱེད་ཆུང་ཆུང་ཞིག་ང་ཚོའི་ལག་ཏུ་སོན་ཀྱང༌། ཕྱོགས་གཅིག་ན་གློག་གི་ཨ་མར་སྐྱོན་ཆ་ཡོད་པས་དེ་ལ་ཆག་སྐྱོན་ཡང་ཡང་བྱུང༌། སྐབས་འདི་ཞིག་ལ་ཨོ་སུ་ཊར་རེ་ནས་ཡིན་པའི་དབྱིན་ཇིའི་བཙོན་པ་ཧེ་རིག་དང་ཕེ་ཁྲད་༼Heinrich Harrer and Peter Aufschnaiter༽གཉིས་རྒྱ་གར་བྱང་ཕྱོགས་ཀྱི་དམག་གི་བཙོན་ཁང་ཞིག་ལས་བྲོས་ཏེ་ཧི་མ་ལ་ཡ་བརྒྱུད་ནས་ལྷ་སར་སླེབས། ཁོང་གཉིས་ལྷ་སར་འབྱོར་བའི་ལོ་དེ་ནི་ཕལ་ཆེར་༡༩༤༥ ཡིན། ཧེ་རིག་ནི་ངའི་གྲོགས་པོ་ཆགས་ཤིང་སྐབས་རེར་གློག་བརྙན་སྟོན་བྱེད་དེར་བཟོ་བཅོས་བྱེད་པར་ཁོང་གིས་ང་ལ་རོགས་རམ་བྱས་མྱོང༌། ང་ཚོར་གློག་བརྙན་མང་པོ་རེག་མ་བྱུང་མོད། འོན་ཀྱང༌། འཛམ་གླིང་དམག་ཆེན་གཉིས་པའི་བྱུང་བ་གལ་ཆེན་ཁག་གི་སྐོར་ལ་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱི་ལྟ་ཚུལ་གཞིར་བཟུང་ནས་སྤེལ་བའི་གསར་འགྱུར་གྱི་གློག་བརྙན་མང་པོ་དང༌། དམག་ཆེན་གཉིས་པའི་རྒྱལ་ཁའི་ཉིན་མོ་དང་དབྱིན་ཇིའི་རྒྱལ་པོ་འཇོར་ཇི་ལྔ་པའི་ཁྲི་འདོན་སྐོར་གྱི་གློག་བརྙན་བཅས་རྒྱ་གར་ནས་ལྷ་སར་སླེབས། དེ་བཞིན་ཤེད་ཁི་སི་ཕེའར་གྱི་འཁྲབ་གཞུང་ཧེན་རེ་ལྔ་པ་གཞི་རུ་བཟུང་བའི་ལོད་རེམ་སིའི་༼Laurence Oliver’s film of Shakespeare’s Henry V and Charlie Chaplin’s silent movies༽གློག་བརྙན་དང༌། ཆར་ལེ་ཆར་ཕེ་ལིན་གྱི་སྒྲ་མེད་གློག་བརྙན་འགའ་ཡང་ཡོད།

ང་ཚན་རིག་ལ་དང་བ་འདི་ཐོག་མར་འཕྲུལ་ལས་ནས་འགོ་ཚུགས་ཤིང༌། དོན་ངོ་མར་ངས་ཚན་རིག་དང་འཕྲུལ་ལས་གཉིས་ཀྱི་བར་ལ་ཁྱད་པར་ཞིག་མཐོང་མེད་པ་དང༌། འཕྲུལ་ཆས་ཀྱི་སྐོར་ལ་ལྷ་སར་ཡོད་པའི་ངའི་ངོ་ཤེས་ཚང་མའི་ནང་ནས་ཧེ་རིག་མཁས་ཤོས་ཡིན་པས། ངས་ཁོང་ནི་པོ་ཏཱ་ལའི་ནང་དུ་ཡོད་པའི་འཕྲུལ་དངོས་ཁ་ཤས་དེ་ཚོར་ངེས་ཆ་ལྡན་པ་བཞིན་ཚན་རིག་ལའང་ངེས་ཤེས་གཏིང་ཟབ་ཅིག་ཡོད་པར་བསམས། ཁྱད་མཚར་བ་ཞིག་ལ། ཁོང་ལ་ཚན་རིག་ཆེད་སྦྱོང་གི་རྒྱབ་ལྗོངས་མེད་པ་ངས་ལོ་ངོ་མང་པོའི་ཕྱིས་སུ་མ་གཏོགས་ཤེས་མེད། ཡིན་ཡང༌། དེའི་དུས་ངས་མི་དཀར་པོ་ཚང་མར་ཚན་རིག་གི་ཤེས་ཡོན་གཏིང་ཟབ་ཅིག་ཡོད་པར་སྙམ་བྱུང༌།

ཆུ་ཚོད་གཏོར་བ་དང་གློག་བརྙན་སྟོན་བྱེད་ལ་བཟོ་བཅོས་བྱེད་པ་ལེགས་འགྲུབ་བྱུང་བས་ངའི་སྤོབས་པ་ཆེ་རུ་ཕྱིན། ངའི་ལས་གཞི་རྗེས་མ་ནི་རླངས་འཁོར་གྱི་འཕྲུལ་ཆས་མ་ལག་ཤེས་རྟོགས་བྱེད་རྒྱུ་དེ་ཡིན། རླངས་འཁོར་གཏོང་མཁན་དང་དེར་ལྟ་རྟོག་བྱེད་མཁན་གྱི་མིང་ལ་ལྷག་པ་ཚེ་རིང་ཟེར། ཁོང་ཀླད་དམར་ཞིག་ཡིན་ཞིང་ཁོང་གི་ཁོང་ཁྲོ་དེ་སྐད་གྲགས་ཡོད། རླངས་འཁོར་གྱི་འོག་ཏུ་ལས་ཀ་བྱེད་སྐབས་སྟབས་མ་ལེགས་པར་མགོ་རླངས་འཁོར་ལ་བརྡབས་ཚེ། ཁོང་གིས་ཁོང་ཁྲོའི་ངང་ནས་རང་ཉིད་ཀྱི་མགོ་སླར་ཡང་དེ་ལ་བརྡབས། རླངས་འཁོར་གྱི་ཨ་མར་བཟོ་བཅོས་བྱེད་སྐབས་ང་ལ་ཞིབ་ལྟ་དང༌། ཕྱིས་སུ་དེ་གཏོང་དུ་འཇུག་པར་ངས་ཁོང་དང་གྲོགས་པོ་བསྒྲིགས་པ་ཡིན།

ཉིན་ཞིག་རང་ཉིད་གཅིག་པུས་རླངས་འཁོར་གཏོང་ཆེད་གཞན་ལ་ཤེས་སུ་མ་བཅུག་པར་ངས་རླངས་འཁོར་ཞིག་ཁང་པའི་ཕྱི་ལོགས་སུ་བཏོན་པ་ཡིན། འོན་ཀྱང༌། བརྡབ་སྐྱོན་ཆུང་ངུ་ཞིག་བྱུང་བས་མདུན་ངོས་གཡོན་ཕྱོགས་ཀྱི་གློག་ཆག་སོང༌། རླངས་འཁོར་ལ་བདག་སྐྱོང་བྱེད་མཁན་གཞན་ཞིག་སྟེ་འབའ་པ་བཀྲ་ཤིས་ཀྱིས་ཅི་བཤད་དམ་བསམས་ནས་ཞེད་སྣང་ཆེན་པོ་སྐྱེས། ངས་མདུན་གློག་དེའི་ཚབ་ཅིག་བཙལ་ཐུབ་བྱུང་ནའང༌། དེ་ནི་ཤེལ་སྒོ་དྭངས་མོ་ཡིན་པས་སྔོན་མའི་བ་མོའི་ཤེལ་སྒོ་དང་འདྲ་མཚུངས་མ་བྱུང༌། བསམ་བློ་ཅུང་ཙམ་བཏང་རྗེས་ཐབས་ལམ་ཞིག་རྙེད་པ་དང༌། ངས་བྱེ་མ་ཀ་ར་བཞུས་ནས་གློག་དེའི་སྒང་དུ་བྱུགས་ཏེ་བ་མོའི་རྣམ་པ་བསྐྱར་བཟོ་བྱས་པ་ཡིན། འབའ་བ་བཀྲ་ཤིས་ཀྱིས་འདི་ཧ་གོ་ཡོད་མེད་ངས་མ་ཤེས་མོད། གལ་ཏེ་ཁོང་གིས་ཤེས་ཡོད་ནའང་ང་ལ་ཉེས་པ་བཏང་མ་སོང༌།

དེང་རབས་ཀྱི་ཚན་རིག་གི་སྡེ་ཚན་གལ་ཆེན་ཞིག་གི་ཐད་ལ་ཧེ་རིག་གིས་ང་ལ་ཕན་ཐོགས་བྱུང༌། དེ་ནི་འཛམ་གླིང་གི་ས་བཤད་རིག་པ་ཡིན། ངའི་སྒེར་གྱི་དཔེ་མཛོད་ནང་འཛམ་གླིང་དམག་ཆེན་གཉིས་པའི་སྐོར་ལ་དབྱིན་ཡིག་གི་དཔེ་ཚོགས་མང་པོ་ཞིག་ཡོད་ཅིང༌། དེ་ཚོའི་ནང་ཉི་ཧོང་ཐེ་བའི་རྒྱལ་ཁབ་མང་པོ་ཞིག་དམག་འཐབ་འདིར་འཛུལ་ཞུགས་བྱས་པར་འགྲེལ་བཤད་ཞིབ་ཕྲ་བརྒྱབས་འདུག གློག་བརྙན་སྟོན་བྱེད་ལ་ཚོད་ལྟ་དང༌། ཆུ་ཚོད་ལ་བཟོ་བཅོས། དེ་བཞིན་རླངས་འཁོར་གཏོང་བར་འབད་བརྩོན་བྱས་པ་བཅས་ཀྱིས། ང་ལ་ཚན་རིག་དང་འཕྲུལ་ལས་ཀྱི་འཇིག་རྟེན་དེ་ཇི་འདྲ་ཞིག་ཡིན་པའི་ཚོར་སྣང་ཞིག་བྱིན་མྱོང༌། ལོ་ན་བཅུ་དྲུག་གི་སྐབས་ང་བོད་ཀྱི་འགོ་ཁྲིད་ལ་བསྐོས་པའི་ཕྱིས་སུ། གཞུང་འབྲེལ་གྱི་ངོས་ནས་༡༩༥༤ ལོར་རྒྱ་ནག་དང༌། ༡༩༥༦ ལོར་རྒྱ་གར་ལ་ལྟ་སྐོར་དུ་སོང་བ་དེ་ཚོས་ངའི་སེམས་ལ་བག་ཆགས་གཏིང་ཟབ་ཅིག་བཞག་ནས་སྔོན་མའི་ཚོར་སྣང་དེ་ལ་རྨང་གཞི་ཞིག་བཏིང༌། སྐབས་དེར་རྒྱ་མིའི་དམག་དཔུང་གིས་ངའི་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཟིན་ཅིང༌། ང་རང་རྒྱ་མིའི་སྲིད་གཞུང་དང་མཐུན་ཐབས་འཚོལ་ཞིབ་ཀྱི་གཉན་འཕྲང་ཆེ་བའི་གྲོས་མོལ་རིང་པོ་ཞིག་གི་ནང་དུ་ལྷུང༌།

ངའི་གཞོན་དུས་རྫོགས་ལ་ཉེ་སྐབས་པེ་ཅིན་དུ་སོང་བ་ནི་ང་རང་གི་ཕྱི་རྒྱལ་གྱི་འགྲུལ་བཞུད་ཐོག་མ་དེ་ཡིན། པེ་ཅིན་དུ་གཙོ་འཛིན་མའོ་ཙེ་ཏུང་དང༌། ཀྲོའུ་ཨེན་ལེན། རྒྱལ་ཁབ་དེའི་འགོ་ཁྲིད་གཞན་རྣམས་ལ་ཐུག་འཕྲད་བྱས། གཞུང་འབྲེལ་གྱི་ཕྱོགས་བསྐྱོད་འདིའི་སྐབས་ཞིང་ལས་མཉམ་ལས་དང༌། ཆུ་ཤུགས་གློག་འདོན་གྱི་ཆུ་མཛོད་ལྟ་བུ་སྤྱོད་སྒོ་ལས་གཞི་ཆེ་ཁག་ལ་ལྟ་སྐོར་སྔ་རྗེས་མང་པོ་བྱས་པ་ཡིན། རྒྱ་ལམ་དང་རླངས་འཁོར་ལྡན་པའི་དེང་རབས་ཀྱི་གྲོང་ཁྱེར་ཞིག་མཐོང་བ་ནི་ཐོག་མ་ཡིན་པར་མ་ཟད། ཚན་རིག་པ་ངོ་མ་དང་ཐུག་འཕྲད་བྱས་པ་ཡང་ཐེངས་དང་པོ་ཡིན།

༡༩༥༦ ལོར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་ལ་ཞུགས་པར་ང་རྒྱ་གར་དུ་སོང༌། དེའི་མཛད་སྒོ་དངོས་གཞི་ལྡི་ལིར་ཚོགས་ཤིང༌། ཕྱིས་སུ་རྒྱ་གར་གྱི་སྲིད་བློན་ནེ་རོ་མཆོག་ནི་ངའི་སློབ་སྟོན་པ་དང་གྲོགས་པོ་ལྟ་བུར་གྱུར་པར་མ་ཟད། བཙན་བྱོལ་གྱི་སྦྱིན་བདག་ཀྱང་ཆགས། ནེ་རོ་ལ་ཚན་རིག་གི་བསམ་བློ་ལྡན་ཞིང༌། ཁོང་གིས་འཕྲུལ་ལས་དང་བཟོ་ལས་ཀྱི་ཡར་རྒྱས་ནི་རྒྱ་གར་གྱི་མ་འོངས་པའི་གཞི་རྩར་གཟིགས་ཡོད། དེ་བཞིན་ཁོང་ལ་མདུན་བསྐྱོད་ཀྱི་ལྟ་རྒྱ་ཆེན་པོ་ཞིག་ཀྱང་མཆིས། རྗེས་དྲན་དངོས་གཞི་དེ་རྫོགས་རྗེས་ཐུབ་པའི་དབང་པོ་འཚང་རྒྱ་སའི་གནས་མཆོག་རྡོ་རྗེ་གདན་ལྟ་བུ་ལ་གནས་མཇལ་བྱས་པ་ཙམ་མ་ཡིན་པར་གྲོང་ཁྱེར་ཆེ་ཁག་དང། བཟོ་ལས་ཀྱི་ལྟེ་གནས། སློབ་གྲྭ་ཆེན་མོ་བཅས་རྒྱ་གར་གྱི་ས་གནས་མང་པོ་ཞིག་ལ་ལྟ་སྐོར་དུ་སོང་བ་ཡིན།

སྐབས་དེར་རྒྱ་གར་གྱི་མངའ་སྡེ་མ་ཏྲི་ར་སིའི་ནང་དུ་ཡོད་པའི་ལྷ་ཡི་ཤེས་རབ་ཚོགས་པའི་ཚོགས་མི་ལྟ་བུ་ཚན་རིག་དང་སེམས་དོན་རིག་པ་གཉིས་གཅིག་སྒྲིལ་བྱེད་པའི་ལས་ལ་བརྩོན་པའི་སེམས་དོན་རིག་པའི་སློབ་དཔོན་འགའ་ཤས་ལ་ཐོག་མར་ཐུག་འཕྲད་བྱས། ལྷ་ཡི་ཤེས་རབ་ནི་དུས་རབས་བཅུ་དགུ་དང་ཉི་ཤུ་པའི་མགོ་སྟོད་དུ་ཤར་ཕྱོགས་དང་ནུབ་ཕྱོགས། ཚན་རིག་དང་ཆོས་ལུགས་བཅས་འགྲོ་བ་མིའི་ཤེས་ཡོན་ཚང་མ་གཅིག་སྒྲིལ་བྱེད་པར་འབད་པའི་སེམས་དོན་རིག་པའི་ལས་འགུལ་གལ་ཆེན་ཞིག་རེད། མ་ཏྲམ་མེ་དང་ཨ་ནེ་༼Madame Blavatsky and Annie Besant༽ཐེ་བའི་ལས་འགུལ་འདིའི་སྲོལ་གཏོད་མཁན་ཚང་མ་ནུབ་ཕྱོགས་པ་ཡིན་ཡང༌། ཁོང་ཚོ་རྒྱ་གར་ནང་དུ་ཡུན་རིང་པོར་བསྡད་མྱོང་འདུག

ཐ་ན་གཞུང་འབྲེལ་གྱི་ལྟ་སྐོར་འདི་ཚོའི་སྔོན་དུའང༌། ངས་འཕྲུལ་ལས་ནི་དོན་ངོ་མར་འཇིག་རྟེན་རྟོགས་ཐབས་ཁྱད་པར་ཅན་ཞིག་གི་འབྲས་བུའམ་མཚོན་རྟགས་ཤིག་ཏུ་རྟོགས་ཤིང༌། ཚན་རིག་མཚོན་རྟགས་འདིའི་རྟེན་གཞི་རེད། ཚན་རིག་ནི་ཞིབ་ཕྲའི་རྣམ་པ་ལྡན་པའི་འཚོལ་ཞིབ་དང༌། འཚོལ་ཞིབ་དེ་ཉིད་ལས་བླངས་པའི་ཤེས་ཡོན་ཕྱོགས་བསྡུས་ཤིག་ཡིན། ཤེས་ཡོན་ཕྱོགས་བསྡུས་དེས་འཇིག་རྟེན་རྟོགས་ཐབས་ཁྱད་པར་ཅན་འདི་བསྐྲུན། ཐོག་མའི་ངའི་ཚན་རིག་གི་དང་བ་ནི་འཕྲུལ་ཆས་ནས་འགོ་ཚུགས་ཀྱང༌། བཟོ་ལས་བྱེ་བྲག་པའམ་འཕྲུལ་ཆས་ཀྱི་རྩེད་ཆས་ལས་ཚན་རིག་གི་ཞིབ་ཕྲའི་འཚོལ་ཞིབ་དེས་ངའི་ཡིད་དབང་ཀུན་ནས་ཕྲོགས།

ངས་མི་གཞན་དང་ལྷག་པར་ཆེད་ལས་ཚན་རིག་པ་དང་ལྷན་དུ་ཚན་རིག་གི་སྐོར་ལ་གླེང་མོལ་བྱས་པར་བརྟེན་ནས། ནང་ཆོས་དང་ཚན་རིག་གཉིས་ཀྱི་འཚོལ་ཞིབ་ཀྱི་སྙིང་སྟོབས་ལ་འདྲ་ཕྱོགས་ངེས་ཅན་ཞིག་ཡོད་པ་དོ་སྣང་བྱུང༌། ངས་འདྲ་ཕྱོགས་དེ་ཚོ་ད་དུང་ཡང་ཧ་ལས་པ་ཞིག་མཐོང་གི་ཡོད། ངའི་ཤེས་རྟོགས་ལྟར་ན། ཚན་རིག་གི་འཚོལ་ཞིབ་དེ་ཆོས་ངེས་ཅན་ཞིག་ལ་ཞིབ་ལྟ་བྱེད་པ་ནས་འགོ་བཙུགས་ཏེ་རྣམ་གཞག་གི་དོན་སྤྱི་ཞིག་གཏན་ཁེལ་བྱེད་པ་དང༌། དོན་སྤྱི་འདི་ལ་བརྟེན་ནས་གནས་བབ་ངེས་ཅན་ཞིག་གི་ནང་དུ་ཆོས་དེར་འགྱུར་བ་དང་འབྲས་བུ་ཅི་འབྱུང་བར་སྔོན་དཔག་ཅིག་བྱེད། སྔོན་དཔག་འདི་བདེན་མིན་དབྱེ་འབྱེད་བྱེད་པར་ཆོས་དེའི་གནས་ཚུལ་ལ་ཞིབ་འཇུག་ཚོད་ལྟ་བགྱི། ཞིབ་འཇུག་གི་ཚོད་ལྟ་འདི་ལེགས་འགྲུབ་བྱུང་བར་མ་ཟད་བསྐྱར་ཟློས་བྱེད་ཐུབ་ཚེ། ད་གཟོད་འཚོལ་ཞིབ་དེའི་འབྲས་བུ་ཚན་རིག་གི་རྒྱ་ཆེ་བའི་ཤེས་བྱའི་ཕྱོགས་བསྡུས་ནང་དུ་འཚུད། འོན་ཀྱང༌། ཞིབ་འཇུག་གི་ཚོད་ལྟའི་འབྲས་བུ་རྣམ་གཞག་གི་དོན་སྤྱིའམ་སྔོན་དཔག་དང་མ་མཐུན་ཚེ་དོན་སྤྱི་ལ་འགྱུར་བ་གཏོང་དགོས་ཏེ། ཆོས་དེར་མངོན་སུམ་གྱིས་ཞིབ་ལྟ་བྱེད་པ་ནི་གལ་ཆེན་དུ་འཛིན། འཚོལ་ཞིབ་འདི་ནི་མངོན་སུམ་གྱི་མྱོང་བ་ནས་འགོ་ཚུགས་ཏེ་རིགས་པར་བརྟེན་པའི་བསམ་བློའི་དཔྱད་པ་བརྒྱུད་ནས་རྣམ་གཞག་གི་དོན་སྤྱི་ཞིག་གཏན་ལ་ཕབ་པ་དང༌། དོན་སྤྱི་དེ་ར་སྤྲོད་བྱེད་པར་སླར་ཡང་མངོན་སུམ་གྱི་མྱོང་བ་ལ་བརྟེན་དགོས་པ་ཞིག་རེད། མངོན་སུམ་རིག་པའི་དཔྱད་ཐབས་འདི་དང༌། ནང་པའི་སྒོམ་སྒྲུབ་དང་མཚན་ཉིད་རིག་པའི་གཞུང་ལུགས་ཁག་ཏུ་ངས་ཅི་ཞིག་སྦྱངས་པ་དེ་ཚོའི་བར་གྱི་འདྲ་ཕྱོགས་དག་གིས་ངའི་ཡིད་དབང་ཀུན་ནས་བཀུག

ནང་ཆོས་ནི་གསུང་རབ་བསྟན་བཅོས་དང་ཆོ་གའི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་ངོ་བོ་ཞིག་ཏུ་རིམ་གྱིས་གྲུབ་ནའང༌། ཞིབ་ཚགས་ཀྱིས་བཤད་ན། ནང་ཆོས་ཀྱི་གཞུང་དུ་གསུང་རབ་ཀྱི་ཁུངས་ལུང་ནི་མྱོང་བ་དང་རྒྱུ་མཚན་ལས་གྲུབ་པའི་གོ་རྟོགས་ལ་ལྟོས་ན་གལ་ཆེན་མིན། དོན་ངོ་མར་སངས་རྒྱས་ཀྱིས་གྲགས་ཆེན་གྱི་གསུང་བཤད་ཅིག་གི་ནང་དུ། རྗེས་འཇུག་པ་རྣམས་ལ་རང་ཉིད་ཀྱི་གསུང་ཚད་མ་ཡིན་མིན་ནི་གུས་པ་ཁོ་ནས་ཁས་ལེན་མི་བྱ་བར་ནན་སྐུལ་བྱས་ཏེ་གསུང་རབ་ཀྱི་དབང་ཚད་དམའ་རུ་བཏང༌། ཉམས་མྱོང་ལྡན་པའི་གསེར་གྱི་མགར་པ་ཞིག་གིས་གསེར་ལ་ལྷད་ཡོད་མེད་བརྟག་དཔྱད་ཞིབ་མོ་བྱེད་པ་བཞིན། ཁོང་གིས་ཅི་ཞིག་གསུངས་པ་ཚད་མ་ཡིན་མིན་ཡང་སོ་སོའི་སྒེར་གྱི་ཚོད་ལྟ་དང་རིགས་པའི་དཔྱད་པ་བརྒྱུད་ནས་ཐག་གཅོད་བྱེད་དགོས་པའི་སློབ་སྟོན་གནང་ཡོད། དེའི་ཕྱིར་ནང་ཆོས་ནང་འདོད་ཚུལ་ཞིག་ཚད་མ་ཡིན་མིན་དཔྱད་སྐབས་མྱོང་བའི་དབང་ཚད་དང་པོ་དང༌། རིགས་པའི་དབང་ཚད་གཉིས་པ། གསུང་རབ་ཀྱི་དབང་ཚད་མཐའ་མ་ཡིན། རྒྱ་གར་གྱི་ནང་ཆོས་སློབ་གཉེར་ཁང་དཔལ་ནཱལནྡའི་སློབ་དཔོན་ཆེན་མོ་ཚོས་སངས་རྒྱས་ཀྱི་གསུང་རབ་ལ་བརྒལ་བརྟག་ཞིབ་ཚགས་བྱེད་སྐབས་སངས་རྒྱས་ཀྱི་བཀའ་གསུང་འདི་ལག་བསྟར་བྱས་ཡོད། བོད་ཀྱི་ནང་བསྟན་ནི་དཔལ་ནཱ་ལནྡ་ནས་མར་དར་སྤེལ་བྱས་པ་ཞིག་ཡིན།

ཕྱོགས་གཞན་ཞིག་ནས་བཤད་ན། ཚན་རིག་དང་ནང་ཆོས་ཀྱི་བརྟག་དཔྱད་བྱེད་ཐབས་གཉིས་མི་འདྲ་སྟེ། ཚན་རིག་གི་བརྟག་དཔྱད་ནི་ཞིབ་འཇུག་ཚོད་ལྟ་དང༌། ཕྱིའི་ཆོས་ཤིག་ལ་ཞིབ་ལྟ་བྱེད་པའི་འཕྲུལ་ཆས་ཀྱི་ལག་ཆ་སོགས་ལ་བརྟེན་ནས་བྱེད་ཀྱང༌། ནང་སེམས་ཀྱི་དཔྱད་པ་ནི་ཡིད་བྱེད་ཕྲ་མོའི་བསྐྱེད་བསྲིང་ལ་བརྟེན་པ་དང༌། ཡིད་བྱེད་ཕྲ་མོ་འདི་ནང་གི་མྱོང་བ་ལ་དཔྱད་པ་གཏོང་བར་བཀོལ་སྤྱོད་བྱེད། ཡིན་ཡང༌། ལུགས་གཉིས་ཀས་དཔྱད་ཐབས་ཀྱི་གཞི་རྩར་མངོན་སུམ་གྱི་མྱོང་བ་འཛིན་པ་གཅིག་པ་ཡིན། ཚན་རིག་གིས་ཆོས་ག་གེ་མོ་ཞིག་ཡོད་པའམ་མེད་པར་བསྟན་ན། ༼འདི་ནི་ཆོས་དེ་མ་རྙེད་པ་དང་མི་འདྲ།༽ ང་ཚོས་དེ་དངོས་ཡོད་གནས་ལུགས་སུ་བརྩིས་ནས་ཁས་ལེན་པ་དང༌། ཚན་རིག་གིས་ཚོད་དཔག་ཅིག་ལ་ཞིབ་འཇུག་ཚོད་ལྟ་བྱས་ནས་བདེན་པར་ར་སྤྲད་ན་ང་ཚོས་དེ་བདེན་དོན་དུ་འཛིན། དེ་དང་ཕྱོགས་མཚུངས་སུ། དངོས་ཡོད་གནས་ལུགས་ནི་ཚན་རིག་དང་ནང་སེམས་ཀྱི་དཔྱད་པ་གང་གིས་བཙལ་རྙེད་བྱས་ཀྱང་ནང་པས་ཁས་ལེན་བྱེད། ང་ཚོས་ཆོས་ག་གེ་མོ་ཞིག་ལ་རྟོག་དཔྱོད་བྱས་ནས་ཡིན་མིན་དང་ཡོད་མེད་ལ་རིགས་པས་བསྒྲུབ་པ་དང་ར་སྤྲོད་བྱས་ན། ཐ་ན་དུས་རབས་མང་པོ་ལ་ཤན་ཤུགས་ཐེབས་པའི་གསུང་རབ་ཅིག་གི་ཐད་ཀའི་འགྲེལ་བཤད་དང༌། རང་ཉིད་ཀྱིས་གཙིགས་ཆེར་འཛིན་པའི་ལྟ་ཚུལ་སོགས་ལ་འགལ་ཡང༌། ང་ཚོས་དེ་དངོས་ཡོད་གནས་ཚུལ་ཡིན་པ་ངེས་པར་དུ་ཁས་ལེན་བྱེད། དེའི་ཕྱིར་ནང་ཆོས་དང་ཚན་རིག་གཉིས་ལ་གཞི་རྩའི་ལྟ་སྟངས་ཤིག་ཡོད་པ་ནི། མྱོང་བའི་འཇུག་སྒོར་བརྟེན་ནས་དངོས་ཡོད་གནས་ལུགས་ལ་མུ་མཐུད་དུ་འཚོལ་ཞིབ་དང༌། ང་ཚོའི་གསར་རྙེད་ཀྱི་ཤེས་བྱས་ཡུན་རིང་ལ་བཟུང་བའི་ལངས་ཕྱོགས་ཤིག་ནོར་འཁྲུལ་ཡིན་པ་ར་སྤྲོད་བྱས་ཚེ་དང་བས་ཀུན་ནས་བསླངས་ཏེ་ལངས་ཕྱོགས་དེ་འདོར་བའི་ཆོད་སེམས་འདི་ཡིན།

ཆོས་ལུགས་དང་མི་འདྲ་བའི་ཚན་རིག་གི་ཁྱད་ཆོས་གལ་ཆེན་ཞིག་ནི། རང་ཉིད་ཀྱི་འདོད་ཚུལ་ཞིག་བདེན་པ་ར་སྤྲོད་བྱེད་པར་བསྟན་བཅོས་ཀྱི་ལུང་ལ་ཁུངས་གཏུགས་ཀྱི་མེད་པ་འདི་རེད། ཚན་རིག་གི་ནང་དུ་བདེན་དོན་ཡོད་ཚད་ཞིབ་འཇུག་གི་ཚོད་ལྟའམ་རྩིས་རིག་གི་བདེན་དཔང་གིས་ངེས་པར་དུ་མངོན་པར་གསལ་བར་བྱེད་དགོས་པ་དང༌། ནེའུ་ཏྲོང་དང་ཨ་ཡིམ་སི་ཐམ་གྱིས་༼Newton and Einstein༽བཤད་པའི་རྒྱུ་མཚན་གྱིས་ཆོས་གང་ཞིག་འདི་ལྟར་ཡིན་དགོས་པར་བསམ་པ་ནི་ཚན་རིག་གི་ཁྱད་ཆོས་ཤིག་རྩ་བ་ཉིད་ནས་མིན། དེར་བརྟེན་དཔྱད་བྱའི་ཡུལ་གྱི་དོན་གནད་དང་དེའི་མཐའ་མའི་འབྲས་བུ་ཅི་ཞིག་ཡིན་མིན་གྱི་ཐད་ལ་བློ་རྒྱ་ཡངས་པོ་བསྐྱེད་ནས་འཚོལ་ཞིབ་ལ་འཇུག་དགོས། ལྟ་ཚུལ་ཡངས་པོ་འདི་ནི་ཐེ་ཚོམ་རིང་ལུགས་ཀྱི་ཁྱད་ཆོས་ཕན་ཐོགས་ཅན་ཞིག་རེད། འདི་འདྲའི་བློ་རྒྱ་ཡངས་པོས་ཤེས་སྒོ་དང་ཤེས་བྱ་གསར་པ་དང་དུ་ལེན་པའི་སེམས་གཤིས་བསྐྱེད་བསྲིང་བྱེད་ངེས་ཤིང༌། སེམས་གཤིས་འདི་མི་ལ་རང་བཞིན་དུ་ཡོད་པའི་གོ་རྟོགས་འཚོལ་སྙེག་དང་ཟུང་འབྲེལ་བྱས་ཚེ། ང་ཚོའི་ལྟ་རྒྱ་དང་མཐོང་རྒྱ་ནི་མཐའ་མཚམས་གསར་པ་ཞིག་ལ་བསླེབ་ངེས། འོན་ཀྱང༌། ངས་ཚན་རིག་པ་ཡོད་ཚད་ལ་འདི་འདྲའི་བློ་རྒྱ་ཡངས་པོ་ལྡན་པ་རྗོད་ཀྱི་མེད། དོན་ངོ་མར་འགའ་ཤས་ནི་ཚན་རིག་གི་ལྟ་བའི་བཟོ་བཀོད་སྔོན་མ་དག་གི་ནང་ནས་ཐར་མེད་པའང་སྲིད།

ནང་བསྟན་གྱི་དཔྱད་པའི་སྲོལ་རྒྱུན་ལ་མཚོན་ན་གནའ་རབས་ཀྱི་རྒྱ་གར་ཏེ། ནང་ཆོས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་དང་གསུང་རབ་འབྱུང་ས་འདི་ང་ཚོ་བོད་པ་ལ་བཀའ་དྲིན་ཧ་ཅང་ཆེ། བོད་པ་ཚོས་རྒྱུན་དུ་རྒྱ་གར་ལ་འཕགས་ཡུལ་ཟེར་བ་དང༌། སངས་རྒྱས་དང་སློབ་དཔོན་ཆེན་པོ་རིམ་བྱོན་མང་པོ་ཞིག་ས་འདིར་འཁྲུངས། ཁོང་ཚོའི་བསྟན་བཅོས་ཀྱིས་བོད་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་དང་སེམས་དོན་རིག་པའི་སྲོལ་རྒྱུན་གྱི་ཁ་ཕྱོགས་དང་རྣམ་པ་ལ་རྩ་བའི་ཆ་ནས་བཅོས་བསྒྱུར་བྱས་ཡོད། སློབ་དཔོན་དེ་དག་ནི་དུས་རབས་གཉིས་པའི་མཚན་ཉིད་རིག་པ་སྨྲ་བ་མགོན་པོ་ཀླུ་སྒྲུབ་དང༌། དུས་རབས་བཞི་པའི་མཁས་པའི་དབང་པོ་ཐོགས་མེད་དང་ཁོང་གི་སྤུན་མཆེད་དབྱིག་གཉེན། དེ་བཞིན་ཀུན་སྤྱོད་རིག་པའི་སློབ་དཔོན་ཆེན་མོ་རྒྱལ་སྲས་ཞི་བ་ལྷ་དང༌། དུས་རབས་བདུན་པའི་ཚད་མ་རིག་པའི་སློབ་དཔོན་ཆོས་གྲགས་སོགས་ཡིན།

༡༩༥༩ ལོའི་ཕྱི་ཟླ་གསུམ་པའི་ནང་དུ་ང་བོད་ནས་བྲོས་བྱོལ་ལ་འོངས་པ་ནས་བཟུང༌། ང་དང་བོད་མི་སྐྱབས་བཅོལ་བ་གྲངས་འབོར་ཆེན་པོ་ཞིག་གིས་རྒྱ་གར་དུ་ཁྱིམ་གཞི་གཉིས་པ་ཞིག་རྙེད་པ་ནི་ཤིན་ཏུ་སྐལ་བ་བཟང་པོ་རེད། ངའི་བཙན་བྱོལ་གྱི་འཚོ་བའི་མགོ་སྟོད་དུ་རྒྱ་གར་གྱི་སྲིད་འཛིན་ནི་མཁས་དབང་ར་ཇན་དྷ་ར་ཡིན།༼Dr Rajendra Prasad༽ ཁོང་ནི་ཆོས་ལུགས་ལ་ཧ་ཅང་དད་མོས་ཡོད་པ་དང༌། ཚང་མས་མཐོང་ཆེན་བྱེད་པའི་ཁྲིམས་ལུགས་ཀྱི་མཁས་དབང་ཞིག་རེད། སྐབས་དེའི་སྲིད་འཛིན་གཞོན་པ་ནི་ཕྱིས་སུ་སྲིད་འཛིན་ཆགས་པའི་མཁས་དབང་ཟར་ཝེ་ཕ་ལེ་ཡིན་ཞིང༌།༼Dr Sarvepalli Radhakrishnan༽ ཁོང་གི་ཆེད་ལས་དང་སྒེར་གྱི་ངོས་ནས་མཚན་ཉིད་རིག་པའི་གཞུང་ལུགས་ལ་དང་བ་ཆེན་པོ་ཡོད་པ་ཡོངས་གྲགས་ཡིན། ཐེངས་ཤིག་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་གནད་དོན་ཞིག་གི་སྐོར་ལ་བགྲོ་གླེང་བྱེད་བཞིན་པའི་སྐབས། ཟར་ཝེ་ཕ་ལེས་ངམ་ངམ་ཤུགས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིགས་བཅད་ཅིག་ངག་ནས་སྐྱོར་བ་དེ་ངས་གསལ་པོར་དྲན་གྱི་འདུག ༡༩༤༧ ལོར་རང་བཙན་ཐོབ་པ་ནས་བཟུང་ཚན་རིག་པ་དང་བསམ་བློ་པ་ཚོ་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་སྐོ་འཇོག་བྱེད་པའི་ལམ་སྲོལ་ཁྱད་དུ་འཕགས་པ་འདི་རྒྱ་གར་གྱིས་རྒྱུན་འཛིན་བྱེད་པ་དེ་གཟི་བརྗིད་ཅིག་རེད།

བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་བརྒྱད་ཅུ་ལྷག་ཅིག་རྒྱ་གར་གྱི་ས་གནས་གང་སར་གཞིས་ཆགས་བྱ་རྒྱུ་ལ་རོགས་སྐྱོར་དང༌། གཞོན་ནུ་ཚོ་ལ་སློབ་གྲྭ་གསར་འཛུགས། འཇིག་ལ་ཉེ་བའི་རིག་གཞུང་ཞིག་གི་སློབ་གཉེར་ཁང་ཁག་འབད་འབུངས་ཀྱིས་བདག་གཅེས་བྱས་པ་བཅས་ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལ་མང་ཚོགས་ཀྱི་ལས་དོན་དཀའ་སྡུག་བརྒྱུད་རྗེས། ངའི་ཕྱི་རྒྱལ་ཁག་གི་འགྲུལ་བཞུད་ལོ་རབས་དྲུག་ཅུ་པའི་མཇུག་ཏུ་འགོ་བཙུགས། ངའི་འགྲུལ་བཞུད་ཀྱི་སྐབས་སུ་འགྲོ་བ་མིའི་རྩ་བའི་རིན་ཐང་གལ་ཆེན་ཡིན་པའི་རང་ཉིད་ཀྱི་མྱོང་རྟོགས་གླེང་བ་དང༌། ཆོས་ལུགས་ཕན་ཚུན་བར་ལ་མཐུན་སྒྲིལ་དང་གོ་རྟོགས་སྤེལ་བ། བོད་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་སོགས་གོང་འཕེལ་གཏོང་བ་སོགས་ཀྱི་ཞོར་དུ། ངས་གོ་སྐབས་བླངས་ནས་རང་ཉིད་དགའ་མོས་བྱ་ཡུལ་ཁག་ཅིག་གོ་བསྡུར་དང༌། རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་བ། ཚན་རིག་དང་དེའི་དཔྱད་ཐབས་ཀྱི་སྐོར་ལ་རང་གི་ཤེས་རྒྱ་བསྐྱེད་པ་བཅས་ཀྱི་ཆེད་སྙན་གྲགས་ཆེ་བའི་ཚན་རིག་པ་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད། ཐ་ན་སྔ་མོ་༡༩༦༠ ནང་དུའང་ཆོས་ལུགས་དང་ཚན་རིག་བར་གྱི་འབྲེལ་ལམ་ཐད་ལ་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་ངའི་སྡོད་གནས་དྷ་རམ་ས་ལར་ཕེབས་པའི་མགྲོན་པོ་གལ་ཆེན་འགའ་དང་ལྷན་དུ་གྲོས་བསྡུར་བྱས་མྱོང༌། བཙུན་པ་ཐོ་མ་སི་དང་ཆོས་ལུགས་ཀྱི་མཁས་པ་ཧོད་སི་ཏྲོང་གཉིས་ལ་༼Thomas Merton and Huston Smith༽ཐུག་འཕྲད་བྱས་པ་ནི་སྐབས་དེར་བྱུང་བའི་ལྷན་འཛོམས་ཀྱི་ཁྲོད་བརྗེད་དུ་མེད་པ་ཞིག་རེད། ཐོ་མ་སི་ནི་ནང་ཆོས་ལ་དང་བ་ཆེན་པོ་ཡོད་པ་དང༌། ཁོང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་ཕྱོགས་ལ་ངའི་བློ་སྒོ་ཕྱེས།

 ངའི་ཚན་རིག་གི་དགེ་རྒན་ཐོག་མ་དང་ཚན་རིག་པའི་གྲོགས་པོ་ཉེ་ཤོས་ཤིག་ནི་ནུབ་འཇར་མན་སྲིད་འཛིན་གྱི་སྤུན་མཆེད་ཡིན་པའི་མཚན་ཉིད་རིག་པ་དང་དངོས་ཁམས་རིག་པ་བ་ཝར་ཛི་ཟ་ཁར་ཡིན།༼Carl von Weizsacker༽ ཁོང་གིས་རང་ཉིད་ལ་དངོས་ཁམས་རིག་པའི་སྦྱོང་བརྡར་ཐོབ་ཀྱང་ཆབ་སྲིད་ཀྱི་ལས་ལ་བརྩོན་བཞིན་པའི་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོ་ཞིག་ཡིན་ཟེར། འོན་ཀྱང༌། ལོ་རབས་སུམ་ཅུའི་ནང་ཁོང་ནི་ཁོན་ཏྲོམ་དངོས་ཁམས་རིག་པ་བ་ཝན་ནར་༼Werner Heisenberg༽གྱི་ལས་རོགས་རེད། ཝར་ཛི་ཟ་ཁར་གྱིས་རྟག་ཏུ་ཚན་རིག་གི་ཤུགས་རྐྱེན་དང། ལྷག་པར་དུ་ཀུན་སྤྱོད་དང་ཆབ་སྲིད་ལ་ཐེབས་པའི་ཚན་རིག་གི་ཤུགས་རྐྱེན་གྱི་མཇུག་འབྲས་ལ་སེམས་ཁྲལ་བྱས་པ་ནི་ངས་ནམ་ཡང་བརྗེད་མི་སྲིད་པ་ཞིག་ཡིན། ཁོང་གིས་དཀའ་ཚེགས་ལ་གདོང་ལེན་བྱས་ཏེ་མཚན་ཉིད་རིག་པའི་དཔྱད་ཐབས་བརྒྱུད་ནས་ཚན་རིག་གི་ལས་དོན་ལ་ལྷོད་མེད་དུ་བརྒལ་བརྟག་བྱས་ཡོད།

ངས་སྐབས་མང་པོ་ཞིག་ལ་ཁོང་དང་ལྷན་དུ་ནང་ཚགས་ཀྱི་གོ་བསྡུར་རིང་པོ་བྱས་པར་མ་ཟད། ཁོང་གིས་ཚན་རིག་གི་བརྗོད་གཞི་ཁག་ཅིག་གི་ཐོག་དངོས་སུ་ང་ལ་སློབ་ཚན་ཡང་ཁྲིད་མྱོང༌། སློབ་ཁྲིད་དེ་ཚོ་བཀོད་འདོམས་བྱེད་སྟངས་ནི་ང་ཚོ་བོད་ཀྱི་སྲོལ་རྒྱུན་ནང་དགེ་རྒན་ཞིག་གིས་དགེ་ཕྲུག་ཅིག་ལ་སློབ་ཁྲིད་བྱེད་པ་དང་མ་མཚུངས་པ་མེད། ཐེངས་གཅིག་ཙམ་མིན་པར་ཝར་ཛི་ཟ་ཁར་གྱིས་ང་ལ་ཁོན་ཏྲོམ་དངོས་ཁམས་རིག་པ་དང༌། དེ་དང་འབྲེལ་བའི་མཚན་ཉིད་རིག་པའི་ཤུགས་བསྟན་སོགས་ཀྱི་སློབ་ཁྲིད་རྒྱས་པ་ཞིག་བྱེད་སྐབས། ང་ཚོས་ཉིན་ཧྲིལ་པོ་གཉིས་ཟུར་དུ་ལེན་ཐུབ་པ་བྱུང༌། ཁོང་གིས་བྱམས་བརྩེ་ཆེན་པོའི་སྒོ་ནས་རང་ཉིད་ཀྱི་དུས་ཚོད་རྩ་ཆེན་མང་པོ་ང་ལ་གནང་ཞིང༌། ལྷག་པར་རྟོགས་དཀའ་བའི་དོན་གནད་ཅིག་ངས་མ་ཤེས་པར་དཀའ་ངལ་འཕྲད་པའི་སྐབས་སུ་ཁོང་གིས་ངང་རྒྱུད་རིང་པོ་བསྟན་པ་དེ་ཚོའི་བཀའ་དྲིན་ངས་ནམ་ཡང་བརྗེད་མི་སྲིད།

ཝར་ཛི་ཟ་ཁར་གྱིས་ཚན་རིག་གི་ནང་དུ་མངོན་སུམ་རིག་པ་གལ་ཆེན་དུ་བརྩིས་ནས་དེར་གདེང་འཇོག་ཆེན་པོ་བྱས། ཁོང་གིས་བཤད་པ་ལྟར་ན། དངོས་པོ་ལ་རྟོགས་སྟངས་གཉིས་ཏེ། དངོས་པོའི་སྣང་ཚུལ་ལ་བརྟེན་ནས་དངོས་པོ་རྟོགས་པ་དང༌། ཡང་ན་དངོས་པོ་རྗེས་སུ་དཔག་ཆོག དཔེར་ན། མིག་གིས་ཀུ་ཤུའི་སྟེང་གི་སྨུག་ཐིག་མཐོང་བ་ནི་དངོས་པོའི་སྣང་ཚུལ་ལ་བརྟེན་པ་དང༌། དེའི་ནང་དུ་འབུ་ཡོད་པ་ཀུ་ཤུའི་སྟེང་གི་སྨུག་ཐིག་དང༌། ཀུ་ཤུ་དང་འབུའི་སྐོར་གྱི་སྤྱིར་བཏང་གི་ཤེས་ཡོན་ལས་ཚོད་དཔག་བྱེད་ཐུབ་པ་འདི་ནི་རྗེས་དཔག་གི་རྟོགས་སྟངས་ཤིག་ཡིན།

ནང་པའི་མཚན་ཉིད་རིག་པའི་གཞུང་དུ་འདོད་ཚུལ་བྱེ་བྲག་པ་ཞིག་ལ་དཔྱད་པ་བྱེད་པའི་ཐབས་ལམ་ནི་བརྗོད་གཞི་དེའི་རང་བཞིན་དང་མཐུན་དགོས་པའི་རྩ་འཛིན་ཞིག་ཡོད། དཔེར་ན། གལ་ཏེ་འདོད་ཚུལ་ཞིག་རང་ཉིད་ཀྱི་འཚོ་གནས་ཐེ་བའི་མྱོང་ཡུལ་དུ་གྱུར་པའི་འཇིག་རྟེན་གྱི་བདེན་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཚེ། མངོན་སུམ་གྱི་ཤེས་ཡོན་དང་ཤེས་བྱ་ལ་བརྟེན་ནས་འདོད་ཚུལ་དེར་བླང་དོར་བྱེད་དགོས། འདི་ལྟར་ནང་པས་ཐད་ཀར་ཞིབ་ལྟ་བྱེད་པའི་མངོན་སུམ་རིག་པའི་དཔྱད་ཐབས་དང་པོར་འཛིན། འོན་ཀྱང༌། གལ་ཏེ་འདོད་ཚུལ་ཞིག་འཇིག་རྟེན་གྱི་མྱོང་བ་ལས་ཕྱོགས་སྡོམ་བྱས་པ་སྟེ་ཚེ་སྲོག་གི་མི་རྟག་པའི་རང་བཞིན་ནམ་རྟེན་འབྲེལ་གྱི་རང་བཞིན་ལྟ་བུ་ལ་འབྲེལ་བ་ཡོད་ཚེ། རྩ་བའི་ཆ་ནས་རྗེས་དཔག་གི་ཚད་མ་ལ་བརྟེན་ནས་འདོད་ཚུལ་དེར་བླང་དོར་བྱེད། དེའི་ཕྱིར་ཝར་ཛི་ཟ་ཁར་གྱིས་དཔེ་བསྟན་པ་དང་གཅིག་མཚུངས་སུ་ནང་པས་རྗེས་དཔག་གི་དཔྱད་ཐབས་དེ་ཡང་ཁས་ལེན།

ནང་པའི་ལྟ་ཚུལ་ལ་ད་དུང་དངོས་ཡོད་གནས་ལུགས་ཀྱི་གནས་རིམ་གཞན་ཞིག་ཡོད། དེ་ནི་སངས་མ་རྒྱས་པའི་བློ་ལ་ལྐོག་གྱུར་ཏུ་སྣང་བར་བཤད། དངོས་ཡོད་གནས་ལུགས་ཀྱི་གནས་རིམ་འདི་མཚོན་པར་བྱེད་པའི་སྲོལ་རྒྱུན་གྱི་དཔེ་མཚོན་ནི་ཧ་ཅང་ཕྲ་བའི་ལས་འབྲས་ཀྱི་ཆོས་ཉིད་དང༌། འཛམ་གླིང་གི་ནང་དུ་རིགས་མི་འདྲ་བའི་སེམས་ཅན་མང་པོ་ཅིའི་ཕྱིར་ཡོད་པའི་རྒྱུ་མཚན་སོགས་ཡིན། འཚོ་གནས་ཀྱི་རང་བཞིན་དང་ཐར་བའི་ལམ་ལ་དཔྱད་པ་གཏོང་བར་ནང་པ་ཚོ་སངས་རྒྱས་ཀྱི་གསུང་ལ་ཡིད་རྟོན་རུང་བས། དངོས་ཡོད་གནས་ལུགས་ཀྱི་གནས་རིམ་འདི་ཁོ་ནས་ནང་གི་འདོད་ཚུལ་དེ་ཚོའི་རྒྱབ་རྟེན་དུ་གསུང་རབ་ནས་ལུང་འདྲེན། སྤྱིར་མངོན་སུམ་དང༌། རྗེས་དཔག ལུང་གི་ཚད་མ་བཅས་ཀྱི་དཔྱད་ཐབས་ཏེ་འཇུག་སྒོ་གསུམ་གྱི་རྩ་འཛིན་འདི་ནི་ནང་ཆོས་ཀྱི་ལྟ་གྲུབ་དར་བའི་མགོ་སྟོད་ནས་གསལ་པོ་ཡོད་ཀྱང༌། འདི་ཚོ་མ་ལག་ཆ་ཚང་གི་མཚན་ཉིད་རིག་པའི་དཔྱད་ཐབས་ཤིག་ཏུ་ཐོག་མར་གཏན་འབེབས་བྱེད་མཁན་ནི་དུས་རབས་ལྔ་པའི་ནང་དུ་བྱོན་པའི་རྒྱ་གར་གྱི་ཚད་མའི་སློབ་དཔོན་ཕྱོགས་གླང་དང༌། དུས་རབས་བདུན་པའི་སློབ་དཔོན་ཆོས་གྲགས་གཉིས་རེད།

དཔེ་མཚོན་མཐའ་མ་འདིའི་ནང་དུ་ནང་ཆོས་དང་ཚན་རིག་གཉིས་ཁ་ཁར་གྱེས་ཡོད་པ་གསལ་པོ་རེད། དེ་ཡང་ཚན་རིག་གིས་ཉུང་མཐར་ལྟ་བའི་ཆ་ནས་བཤད་ན་གཞུང་གི་ལུང་ཅི་འདྲ་ཞིག་ཀྱང་ཁས་ལེན་བྱེད་ཀྱི་མེད། ཡིན་ཡང༌། མངོན་སུམ་གྱི་མྱོང་བ་དང་རྒྱུ་མཚན་བེད་སྤྱོད་བྱེད་པའི་ཁྱབ་ཁོངས་དང་པོ་གཉིས་ཀྱི་ནང་དུ་ཚན་རིག་དང་ནང་ཆོས་གཉིས་ལ་དཔྱད་ཐབས་ཀྱི་མཐུན་ཆ་གང་མང་ཡོད། གང་ལྟར། ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་དངོས་ཡོད་གནས་ལུགས་ལ་བཟུང་བའི་འདོད་ཚུལ་དག་ལ་ར་སྤྲོད་བྱེད་པར། ང་ཚོས་གོམས་པའི་དབང་གིས་འཆར་ཅན་དུ་དཔྱད་ཐབས་གསུམ་པ་འདི་བཀོལ་སྤྱོད་བྱེད། དཔེར་ན། ང་ཚོས་རང་ཉིད་ཀྱི་སྐྱེ་ཚེས་དེ་གཉེན་ཉེ་ཡིས་བཤད་པ་དང༌། ཡང་ན་སྐྱེ་ཚེས་ཀྱི་ཡིག་ཆ་ལ་བརྟེན་ནས་ཁས་ལེན་པ་དང༌། ཐ་ན་ཚན་རིག་གི་ནང་དུའང་ཞིབ་འཇུག་པ་གཞན་ཚོས་ཚན་རིག་གི་དུས་དེབ་ཁག་ཏུ་བཀོད་པའི་མཇུག་འབྲས་དེ་རང་ཉིད་ནས་ཚོད་ལྟ་མ་

བྱས་པར་ཁས་ལེན་བྱེད་ཀྱི་ཡོད།

བསྔགས་པར་འོས་པའི་དངོས་ཁམས་རིག་པ་བ་སྦོད་མི་༼David Bohm༽ལ་ཐུག་འཕྲད་བྱས་ནས་ངའི་ཚན་རིག་གི་གོམས་འདྲིས་དེ་གཏིང་ཟབ་ཏུ་ཕྱིན་པར་ཐེ་ཚོམ་མེད། ང་ཐུག་འཕྲད་བྱས་པའི་མཁས་པ་ཚོའི་ཁྲོད་ཁོང་ནི་ཡོན་ཏན་དང་ཐུགས་དགོངས་ཆེས་རྒྱ་ཆེན་ལྡན་པ་ཞིག་རེད། ༡༩༧༩ ལོར་ཡོ་རོབ་ཏུ་ཐེངས་གཉིས་པ་འགྲོ་སྐབས་དབྱིན་ཡུལ་དུ་ཁོང་ལ་ཐོག་མར་མཇལ་ཞིང༌། དེ་མ་ཐག་ཏུ་ང་ཚོའི་བར་ལ་མཛའ་བཤེས་ཤིག་ཡོད་པ་ངེད་གཉིས་ཀར་ཚོར་སྣང་བྱུང༌། དོན་ངོ་མར་ངས་ཕྱིས་སུ་ཤེས་རྟོགས་བྱུང་བ་ལྟར་སྦོད་མི་ཡང་མད་ཁི་ཁ་ཐེའི་༼ McCarthy༽དུས་ཀྱི་མནར་གཅོད་སྐབས་ཨ་རི་ནས་ཕྱིར་འབུད་བྱེད་དགོས་བྱུང་བའི་བཙན་བྱོལ་བ་ཞིག་རེད། ཚེ་གང་གི་མཛའ་བཤེས་དང་ཤེས་ཡོན་བརྗེ་རེས་ཀྱི་འབྲེལ་བ་ཞིག་སྐབས་དེར་འགོ་ཚུགས། ཚན་རིག་དང་ལྷག་པར་དངོས་ཁམས་རིག་པའི་ལྟ་བའི་ཐད་ཀྱི་གནད་དོན་ཆེས་ཕྲ་མོ་རྣམས་ཤེས་རྟོགས་བྱེད་པར། སྦོད་མིས་ལམ་སྟོན་བྱས་ནས་ཚན་རིག་གི་འཇིག་རྟེན་ལྟ་ཚུལ་རྩེར་སོན་དེ་ང་ལ་བསྟན། ཝར་ཛི་ཟ་ཁར་དང་སྦོད་མི་ལྟ་བུ་དངོས་ཁམས་རིག་པ་བ་དང་ལྷན་དུ་ཞིབ་ཕྲའི་གླེང་མོལ་བྱེད་སྐབས། གཟབ་གཟབ་ཀྱིས་ཉན་ཏེ་རྟོགས་དཀའ་བའི་དགག་སྒྲུབ་ཆ་ཚང་ཞིག་རྟོགས་པའི་ཚོར་སྣང་ཞིག་ང་ལ་སྐྱེས་ཀྱང༌། བློ་ཕངས་པ་ཞིག་ལ་བགྲོ་གླེང་གྲོལ་རྗེས་ངའི་སེམས་ན་མང་པོ་བསྡད་མི་འདུག ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་ལ་སྦོད་མི་དང་མཉམ་དུ་གྲོས་བསྡུར་རིང་པོ་བྱས་པའི་ཁྲོད། ངས་ནང་པའི་འཚོལ་ཞིབ་ཀྱི་དཔྱད་ཐབས་དེ་དག་དེང་རབས་ཀྱི་ཚན་རིག་གི་དཔྱད་ཐབས་དང་འབྲེལ་སྟངས་ཅི་འདྲ་ཡིན་མིན་གྱི་བསམ་བློ་མང་པོ་ཞིག་རྙེད་བྱུང༌།

རང་ཉིད་ཀྱི་ཆེད་ལས་དངོས་ཁམས་རིག་པ་ཙམ་མ་ཡིན་པར་ཤེས་པའི་གནད་དོན་དང། ཡུལ་ཅན་ཏེ་མིའི་མྱོང་བ་ཐམས་ཅད་ལ་བསམ་གཞིགས་བྱེད་པའི་ཁོང་གི་གུ་ཡངས་ཀྱི་དགོངས་ཚུལ་ཐུན་མོང་མ་ཡིན་པ་དེར་ངས་ཆེད་དུ་བསྟོད་བསྔགས་བྱས་མྱོང༌། ང་ཚོའི་གླེང་སློང་གི་སྐབས་སྦོད་མི་ནི་ཡུལ་གཙོ་བོར་འཛིན་པའི་ཚན་རིག་གི་ཤེས་ཡོན་གཅིག་པུ་མ་ཡིན་པར། ཤེས་ཡོན་གྱི་ངོ་བོ་མ་འདྲ་བ་གཞན་གྱི་ཡོན་ཏན་དང་འཚོལ་ཞིབ་ཀྱི་རིན་ཐང་ཡང་ངོས་འཛིན་བྱེད་ཐུབ་པའི་ཚན་རིག་གི་མཁས་དབང་ཆེན་པོ་ཞིག་ཡིན་པའི་ཚོར་སྣང་སྟེར།

སྦོད་མིའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཞིག་ནི་ཁོང་གིས་བསམ་བློའི་དཔྱད་པ་བརྒྱུད་ནས་ཚན་རིག་གི་འཚོལ་ཞིབ་ལ་གཙོ་བོར་མཚན་ཉིད་རིག་པའི་དཔྱད་ཐབས་ཀྱིས་བཀོད་འདོམས་བྱས་པ་འདི་ཡིན། གོ་བདེ་བར་བཤད་ན། ལག་ལེན་འདིའི་ནང་དུ་དང་པོ་བློས་ཁོར་ཡུག་ཅིག་སེམས་ནང་དུ་རྟོག་བཟོ་བྱེད་པ་དང༌། ཚན་རིག་གི་ཚོད་དཔག་བྱེ་བྲག་པ་ཞིག་ལ་ཁོར་ཡུག་དེ་དང་བསྟུན་ནས་ཞིབ་དཔྱད་བྱས་ཏེ་ནམ་རྒྱུན་སུན་འབྱིན་བྱེད་མི་ནུས་པའི་བདེན་འཛིན་དག་ལ་ཕན་གནོད་ཅི་ཡོད་ཚོད་ལྟ་བྱེད། ཨ་ཡིམ་སི་ཐམ་གྱིས་དུས་དང་བར་སྣང་གི་ལྟོས་གྲུབ་སྒྲུབ་པའི་བརྟག་དཔྱད་ཕལ་ཆེ་བ་ནི་འདི་འདྲའི་བསམ་བློའི་དཔྱད་པའི་ཐོག་ནས་བྱས་ཏེ་སྐབས་དེའི་དངོས་ཁམས་རིག་པའི་གོ་རྟོགས་ལ་དཔྱད་པ་བཏང༌། ཡོངས་གྲགས་ཀྱི་དཔེ་མཚོན་ཞིག་ནི་མཚེ་མ་མཚུངས་མེད་རེད། འདིའི་ནང་སྤུན་མཆེད་ཅིག་འཛམ་གླིང་སྟེང་དུ་སྡོད་པ་དང༌། གཞན་དེ་མཁའ་བསྐྱོད་གྲུ་གཟིངས་ཤིག་གི་ནང་དུ་གློག་གི་མྱུར་ཚད་དང་ཕལ་ཆེར་འདྲ་བར་མཁའ་དབྱིངས་སུ་ཕྱིན། མཁའ་བསྐྱོད་གྲུ་གཟིངས་ནང་གི་སྤུན་མཆེད་ལ་མཚོན་ན་དུས་དལ་དུ་འགྲོ་བ་དང༌། ཁོ་ལོ་ངོ་བཅུ་ཡི་རྗེས་སུ་ཕྱིར་ལོག་སྐབས་འཛམ་གླིང་སྟེང་གི་སྤུན་མཆེད་དེ་ཁོ་དང་མི་འདྲ་བར་ཧ་ཅང་རྒས་ཡོད། མཚེ་མ་མཚུངས་མེད་ཀྱི་དཔེ་འདི་ཞིབ་ཏུ་རྟོགས་པར་རྙོག་འཛིང་ཆེ་བའི་མཚུངས་རྩིས་དགོས་ཤིང་དེ་ནི་ངའི་ཤེས་ཚད་ལས་འདས་ཡོད།

ངའི་ཚན་རིག་གི་གོམས་འདྲིས་ནང་དུ་བརྟག་དཔྱད་ཀྱི་བྱེད་ཐབས་འདིས་ང་ལ་ཚོར་བ་རྣོ་བོ་ཞིག་རྒྱུན་དུ་སྤྲད་མྱོང༌། དེ་ཡང་རྒྱུ་མཚན་ནི་འདི་དང་ནང་ཆོས་ཀྱི་མཚན་ཉིད་རིག་པའི་བར་ལ་འདྲ་ས་མང་བས་ཡིན། ང་ཚོ་ཕན་ཚུན་མ་ཐུག་པའི་གོང་དུ་སྦོད་མི་རྒྱ་གར་གྱི་སེམས་དོན་རིག་པའི་མཁས་དབང་ཀེར་ཤི་ན་མོ་ཏྲེ་༼Jiddu Krishnamurti༽དང་ཐུག་འཕྲད་བྱས་ནས་ཡུན་རིང་པོ་ཕྱིན་ཞིང༌། ཁོང་དང་ལྷན་དུ་བགྲོ་གླེང་ཡང་གང་མང་བྱས་འདུག སྐབས་མང་པོ་ཞིག་ལ་སྦོད་མི་ངེད་གཉིས་ཀྱིས་ཚན་རིག་གི་ཡུལ་གཙོ་བོར་འཛིན་པའི་དཔྱད་ཐབས་དེ་ནང་སྒོམ་སྒྲུབ་ཀྱི་ཉམས་ལེན་དང་འབྲེལ་སྟངས་ལ་ཞིབ་ལྟ་བྱས་མྱོང༌། ནང་པའི་ངོས་ནས་བཤད་ན་ནང་སེམས་ཀྱི་སྒོམ་སྒྲུབ་འདི་ཡང་ཚན་རིག་གི་བརྟག་དཔྱད་དང་གཅིག་མཚུངས་སུ་མངོན་སུམ་རིག་པའི་རང་བཞིན་ཞིག་ཡིན།

གཞི་རྩའི་ཆ་ནས་རྒྱུ་མཚན་དང་མངོན་སུམ་རིག་པ་གལ་ཆེན་དུ་འཛིན་པ་ནི་ཚན་རིག་དང་ནང་ཆོས་གཅིག་པ་ཡིན་མོད། འོན་ཀྱང༌། མངོན་སུམ་གྱི་མྱོང་བ་ཅི་ཡིས་གྲུབ་པ་དང་ལུགས་གཉིས་ཀྱིས་བཀོལ་སྤྱོད་བྱེད་པའི་རྒྱུ་མཚན་གྱི་རྣམ་པ་གཉིས་ལ་མི་འདྲ་བ་ཆེན་པོ་ཡོད། ནང་ཆོས་ནང་མངོན་སུམ་གྱི་མྱོང་བ་ཟེར་དུས་སྒོམ་སྒྲུབ་དང་དབང་ཤེས་ཀྱི་འཛིན་པ་ཐེ་བའི་མངོན་སུམ་རིག་པའི་དོན་དག་རྒྱ་ཆེན་ཞིག་འདུས་ཡོད། འདས་པའི་ལོ་ངོ་ཉིས་བརྒྱའི་ནང་གི་འཕྲུལ་ལས་འཕེལ་རྒྱས་ལ་བརྟེན་ནས་ཚན་རིག་གིས་དབང་པོའི་ནུས་ཚད་དེ་སྔོན་དུས་ཡིད་ལ་མ་ཤར་བའི་ཚད་ཅིག་ལ་རྒྱ་བསྐྱེད་བྱས་ཡོད། དེའི་ཕྱིར་ཚན་རིག་པས་ཕྲ་མཐོང་ཆེ་ཤེལ་དང་རྒྱང་ཤེལ་ལྟ་བུ་ནུས་ཤུགས་ཆེ་བའི་ལག་ཆ་ལ་བརྟེན་ནས་ཆེས་ཕྲ་བའི་ཆོས་ཏེ། ཕྲ་ཕུང་དང༌། རྟོགས་དཀའ་བའི་རྡུལ་ཕྲན་དང་ཡངས་པའི་འཇིག་རྟེན་གྱི་བཟོ་བཀོད་སོགས་ལ་མིག་རྗེན་པས་ཞིབ་ལྟ་བྱེད་ཐུབ། ཚན་རིག་གིས་སྔོན་མེད་ཀྱི་དབང་པོའི་ནུས་ཚད་འདི་གཞི་རུ་བཞག་ནས་རྗེས་དཔག་གི་མཐའ་མཚམས་དེ་ཡང་ད་ལྟའི་འགྲོ་བ་མིའི་ཤེས་ཡོན་གྱི་ཁྱབ་ཁོངས་ལས་ཕ་རོལ་དུ་བརྒལ་བར་བྱས་ཡོད། ད་ལྟ་ལྦུ་བའི་ཁང་དུ་ཡོད་པའི་ཤུལ་ལྷག་དེ་ཚོ་རྟོགས་པར་དངོས་ཁམས་རིག་པ་བ་ཚོས་མ་ནིང་རྡུལ་གྱི་རྩ་རྫས་ཏཻ། ཉེ་རྡུལ་དང་རྒི་ལོན་༼gluon༽ཐེ་བའི་རྡུལ་ཕྲན་གྱི་གྲུབ་ཆའི་གནས་སྟངས་མང་པོ་ཞིག་ལ་རྗེས་དཔག་བྱེད་ཐུབ།

བྱིས་པའི་དུས་སུ་ངས་སྐུ་གོང་མའི་རྒྱང་ཤེལ་ལ་ཚོད་ལྟ་བྱེད་སྐབས་མངོན་སུམ་གྱི་ཞིབ་ལྟ་གཞི་རྩར་བཞག་པའི་རྗེས་དཔག་གི་ནུས་ཤུགས་དེའི་མྱོང་བ་གསལ་པོ་ཞིག་ང་ལ་ཐོབ་མྱོང༌། བོད་པའི་དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་ནང་ང་ཚོས་ཟླ་བའི་ནང་དུ་རི་བོང་ཞིག་ཡོད་པར་བཤད་ལ། ངའི་བསམ་པར་ཡོ་རོབ་པ་ཚོས་རི་བོང་གི་ཚབ་ཏུ་མི་ཞིག་མཐོང་གི་ཡོད། གང་ལྟར་ཟླ་བ་ཉ་གང་བའི་སྟོན་ཁའི་མཚན་མོ་ཞིག་ལ་ཟླ་བ་ཤིན་ཏུ་དྭངས་སྐབས་ངས་རྒྱང་ཤེལ་བརྒྱུད་ནས་རི་བོང་དེར་བལྟས་པ་ཡིན། ཡ་མཚན་པ་ཞིག་ལ་ཟླ་བའི་སྟེང་དུ་ངས་གྲིབ་མ་ལྟ་བུ་ཞིག་མཐོང་བྱུང༌། ང་དགའ་བས་བརྟས་ཏེ་ཡོངས་འཛིན་གཉིས་སྐད་བཏང་ནས་རྒྱང་ཤེལ་ནང་དུ་ལྟ་རུ་བཅུག་པ་དང༌། ཟླ་བའི་སྟེང་དུ་གྲིབ་མ་ཡོད་པ་དེ་ནི་ཟླ་བའི་སྒང་དུའང་སའི་གོ་ལ་བཞིན་ཉི་མའི་འོད་ཟེར་འཕྲོས་ཡོད་པའི་རྒྱུ་མཚན་དུ་བཀོད་པ་ཡིན། ཁོང་གཉིས་ཅུང་ཙམ་མགོ་འཁོར་བའི་རྣམ་པ་ཞིག་བསྟན་མོད། འོན་ཀྱང༌། ཟླ་བའི་སྟེང་དུ་གྲིབ་མ་སྣང་བ་དེ་ཐེ་ཚོམ་མེད་པ་ཞིག་རེད་ཅེས་མོས་མཐུན་གནང༌། རྗེས་སུ་དུས་དེབ་ཅིག་གི་ནང་དུ་ཟླ་བའི་སྟེང་གི་དོང་ཁའི་འདྲ་པར་མཐོང་སྐབས། ངས་སྔར་བཞིན་ཟླ་བའི་དོང་ཁའི་ཕྱོགས་གཅིག་ལ་མ་གཏོགས་གྲིབ་མ་མེད་པ་མཐོང་བ་དང༌། ཟླ་བའི་སྟེང་གི་དོང་ཁའི་གྲིབ་མའི་འབྱུང་རྐྱེན་གྱི་འོད་དེ་ཉི་མ་ཡིན་པའི་མཇུག་སྡོམ་བརྒྱབས་པ་ཡིན། ཕྱིས་སུ་ངའི་མཇུག་སྡོམ་འདི་དོན་དངོས་དང་མཐུན་པ་ཤེས་སྐབས་ང་ལ་དགའ་སྣང་ཞིག་སྐྱེས།

ཞིབ་ཏུ་བཤད་ན། རྒྱུ་མཚན་འགོད་སྟངས་འདི་ནི་ནང་ཆོས་སམ་ཚན་རིག་ལ་ཁྱད་དུ་དབང་བ་ཞིག་མ་ཡིན་པར་ང་ཚོས་རང་བཞིན་གྱིས་ཉིན་རེའི་འཚོ་བའི་ནང་དུ་བཀོལ་སྤྱོད་བྱེད་པའི་འགྲོ་བ་མིའི་སེམས་ཀྱི་བྱ་འགུལ་ཞིག་གི་མཚོན་བྱེད་ཡིན། རྗེས་དཔག་གཏན་ཚིགས་རིག་པའི་རྩ་དོན་ཞིག་ཏུ་གྲྭ་གཞོན་རྣམས་ལ་ངོ་སྤྲོད་དངོས་གཞི་བྱེད་སྐབས། ཐག་རིང་གི་རིའི་སྒང་ལ་དུ་བ་འཕྱུར་བ་མཐོང་བ་ལས་མེ་ཡོད་པ་རྗེས་སུ་དཔག་པའི་དཔེ་འདི་འགོད། མེ་ལས་མིའི་སྡོད་གནས་དཔག་པ་ནི་བོད་ནང་དུ་རྒྱུན་སྲོལ་ལྟ་བུ་ཡིན། ཉིན་གང་གོམ་པ་བརྒྱབས་པས་ཁ་སྐོམ་སྟེ་ཇ་དཀར་ཡོལ་གང་འཐུང་ན་འདོད་པའི་འགྲུལ་པ་ཞིག་བློ་ལ་ངམ་ངམ་ཤུགས་ཀྱིས་འཆར་འོང༌། ཁོས་དུ་བ་མཐོང་བས་མེ་དང་མཚན་མོ་དེར་གནས་ཚང་གཡར་ཆོག་པའི་ཁྱིམ་ཚང་ཞིག་རྗེས་སུ་དཔོག་ཐུབ། རྗེས་དཔག་འདི་གཞི་རྩར་བཞག་སྟེ་འགྲུལ་པ་དེས་རང་ཉིད་ཀྱི་ཇ་འཐུང་བའི་འདོད་པ་སྐོང་བར་བྱེད། དབང་ཤེས་ལ་མངོན་དུ་གྱུར་པའི་སྣང་ཚུལ་ཞིག་ལ་ཞིབ་ལྟ་བྱས་ནས་མངོན་དུ་མ་གྱུར་པའི་ཆོས་ཤིག་རྗེས་སུ་དཔག་པའི་རྒྱུ་མཚན་འགོད་སྟངས་འདི་ནི་ནང་ཆོས་དང་ཚན་རིག་ལ་ཐུན་མོང་དུ་ཡོད།

 ༡༩༧༣ ལོར་ང་ཡོ་རོབ་ལ་ཐོག་མར་འགྲོ་སྐབས་དུས་རབས་ཉི་ཤུ་པའི་མཁས་དབང་ཆེན་པོ་མཚན་ཉིད་རིག་པ་སྨྲ་བ་སྐུ་ཞབས་ཕོ་ཕར་༼Sir Karl Popper༽ལ་ཐུག་འཕྲད་བྱེད་པའི་སྐལ་བཟང་བྱུང༌། ང་དང་འདྲ་བར་ཕོ་ཕར་ནི་ན་རྫེའི་༼Nazi༽དབང་བསྒྱུར་གྱི་སྐབས་སྐྱེ་ཡུལ་ཝེ་ཡེན་ན་༼Vienna༽ནས་བྲོས་བྱོལ་དུ་སོང་བའི་བཙན་བྱོལ་བ་བྱས་མྱོང་བ་དང༌། སྲིད་དབང་གཅིག་སྡུད་རིང་ལུགས་ལ་ཁ་གསལ་གྱིས་སྐྱོན་བརྗོད་བྱེད་མཁན་ཞིག་རེད། དེའི་ཕྱིར་ངེད་གཉིས་ལ་མཐུན་ས་མང་པོ་ཞིག་འདུག ངོས་ཁོང་ལ་ཐུག་སྐབས་ཕོ་ཕར་ནི་ལོ་བདུན་ཅུ་བརྒལ་ཟིན་ཀྱང་མིག་དང་རྣམ་དཔྱོད་ད་དུང་ཤིན་ཏུ་རྣོ་བོ་རེད། དབང་གཙོ་ལམ་ལུགས་ཀྱི་སྲིད་གཞུང་གི་གནད་དོན་ཁག་ལ་གྲོས་བསྡུར་བྱེད་སྐབས། ཁོང་གིས་ཚོར་བ་རྣོ་བོ་བསྟན་པས་གཞོན་ནུའི་སྐབས་ཁོང་ནི་ཆེས་ནུས་ཤུགས་ལྡན་པ་ཞིག་ཡིན་པར་སྙམ་བྱུང༌། སྐབས་དེའི་གྲོས་བསྡུར་ནང་ཕོ་ཕར་གྱིས་ཆོས་ལུགས་དང་ཚན་རིག་བར་གྱི་འབྲེལ་བའི་གནད་དོན་ཁག་ལ་ཞིབ་ལྟ་བྱེད་པ་ལས་གཙོ་བོ་དམར་པོའི་རིང་ལུགས་ཀྱི་འཇིགས་སྐུལ་དང༌། གཅིག་སྡུད་ཆབ་སྲིད་རིང་ལུགས་ཀྱི་ཉེན་ཁ། གང་ཟག་སྒེར་གྱི་རང་དབང་སྲུང་སྐྱོབ་ལ་དཀའ་ངལ། གུ་ཡངས་ཀྱི་སྤྱི་ཚོགས་ཤིག་རྒྱུན་བསྲིངས་བྱེད་པ་བཅས་ཀྱི་གནད་དོན་གླེང་སོང༌། ཡིན་ཡང་ཚན་རིག་གི་དཔྱད་ཐབས་དང་འབྲེལ་བའི་རྙོག་དྲ་ཁག་ཅིག་ལ་ངེད་གཉིས་ཀྱིས་གྲོས་བསྡུར་བྱས་པ་ཡིན།

སྐབས་དེར་ངའི་དབྱིན་སྐད་ནི་ད་ལྟ་བཞིན་ཡག་པོ་མེད་ལ་ངའི་སྐད་སྒྱུར་པ་ཁོང་ཚོ་ལའང་བྱང་ཆ་མེད། མངོན་སུམ་རིག་པའི་ཚན་རིག་དང་མི་འདྲ་བར། མཚན་ཉིད་རིག་པ་དང་དཔྱད་ཐབས་སོགས་ཀྱི་སྐོར་ལ་གོ་བསྡུར་བྱེད་པར་ཆ་རྐྱེན་མཐོ་བོ་དགོས། དེའི་ཕྱིར་སྦོད་མི་དང་ཝར་ཛི་ཟ་ཁར་ལྟ་བུ་མི་སྣ་གྲགས་ཅན་ལ་ཐུག་འཕྲད་བྱས་པ་དང་བསྡུར་ན་ཕོ་ཕར་ལ་ཐུག་འཕྲད་བྱས་ནས་ང་ལ་བློ་བསྐྱེད་ཐོབ་པ་ཅུང་ཉུང༌། ཡིན་ཡང༌། སྐབས་དེར་ང་ཚོ་གྲོགས་པོ་ཆགས་ཏེ་ཕྱིས་སུ་ང་དབྱིན་ཇིའི་རྒྱལ་ཁབ་ལ་འགྲོ་དུས་རྒྱུན་དུ་ཁོང་ལ་ཐུག་འཕྲད་བྱས་ཤིང༌། ལྷག་པར་༡༩༨༧ ལོར་སོ་རེ་རྫོང་གི་ཁེན་ལེ་རུ་ཡོད་པའི་ཁོང་གི་ཁྱིམ་དུ་ཇ་འཐུང་བར་སོང་བ་དེ་ངས་བརྗེད་མི་སྲིད་པ་ཞིག་ཡིན། ང་ནི་སྐྱེད་ཚལ་ལྡུམ་ར་བདག་སྐྱོང་བྱེད་རྒྱུ་དང༌། མེ་ཏོག་དང༌། ལྷག་པར་སྣ་མའི་མེ་ཏོག་ལ་དགའ་ཚོར་བྱེད་ཀྱི་ཡོད་པས། ཕོ་ཕར་གྱིས་དགའ་སྤྲོའི་ངང་ནས་ཁོང་གི་མེ་ཏོག་ལྡུམ་ར་དང་ཤེལ་ཁང་ང་ལ་བསྟན་སོང༌། དེའི་སྔ་རོལ་ནས་ངས་ཕོ་ཕར་གྱིས་ཚན་རིག་གི་མཚན་ཉིད་རིག་པ་དང༌། ལྷག་པར་ཚན་རིག་གི་དཔྱད་ཐབས་ཀྱི་གནད་དོན་གཉིས་ཀྱི་སྟེང་དུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་ཤེས་རྟོགས་བྱུང༌།

ཕོ་ཕར་གྱིས་ཚན་རིག་ལ་ཕུལ་བའི་ལེགས་སྐྱེས་གཙོ་བོ་ཞིག་ནི། ཚན་རིག་གི་ཚོད་དཔག་གི་བདེན་དཔང་དང་ཚོད་དཔག་དེའི་རྟེན་གཞི་རུ་རྒྱུ་མཚན་འགོད་སྟངས་ཤིག་སྟེ། ཕྱོགས་བསྡུས་རིགས་འགྲེ་དང་རྗེས་དཔག་གཉིས་ཀྱི་སོ་སོའི་བྱེད་ལས་ལ་གསལ་བཤད་བྱས་པ་འདི་ཡིན། ཕྱོགས་བསྡུས་རིགས་འགྲེ་ཞེས་པ་ནི་མངོན་སུམ་དུ་ཞིབ་ལྟ་བྱས་པའི་དཔེ་མཚོན་གྱི་ཕྲེང་བ་བརྒྱུད་ནས་སྤྱི་སྡོམ་ཞིག་རྒྱག་པ་ལ་གོ་ཞིང༌། ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་རྒྱུ་འབྲས་ཀྱི་འབྲེལ་བའི་གོ་རྟོགས་དེ་ཕྱོགས་བསྡུས་རིགས་འགྲེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དཔེར་ན། དུ་བ་དང་མེའི་བར་གྱི་འབྲེལ་བ་དེ་ཡང་ཡང་མཐོང་བ་གཞིར་བཞག་ནས་དུ་བ་གང་དུ་ཡོད་པ་དེར་མེ་ཡོད་པའི་སྤྱི་སྡོམ་རྒྱག རྗེས་དཔག་ནི་འདིའི་ལྡོག་ཟླ་སྟེ་སྤྱིའི་བདེན་པ་ཞིག་གི་གོ་རྟོགས་ལ་བརྟེན་ནས་བྱེ་བྲག་གི་ཆོས་ཤིག་སྒྲུབ་པ་ཞིག་ཡིན། དཔེར་ན༑ ༡༩༩༥ ལོ་ནས་བཟུང་ཡོ་རོབ་ནང་བཟོས་པའི་རླངས་འཁོར་མཐའ་དག་གིས་ཞ་ཉེ་མེད་པའི་རྡོ་སྣུམ་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་ན། གྲོགས་པོ་ཞིག་ལ་དབང་བའི་རླངས་འཁོར་བྱེ་བྲག་པ་ཞིག་༢༠༠༠ ལོར་བཟོས་པ་གོ་དུས། རླངས་འཁོར་དེའི་ནང་ཞ་ཉེ་མེད་པའི་རྡོ་སྣུམ་བེད་སྤྱོད་བྱེད་པ་སྤྱིའི་གོ་རྟོགས་དེ་ལས་དཔོག་ཐུབ། ཚན་རིག་གི་ནང་དུ་རྒྱུ་མཚན་འགོད་སྟངས་འདི་ཚོ་དང༌། ལྷག་པར་རྗེས་དཔག་བཀོལ་སྤྱོད་བྱེད་སྟངས་ནི་རྙོག་འཛིང་ཤིན་ཏུ་ཆེ་སྟེ། ཚད་མཐོ་བོའི་རྩིས་རིག་ཀྱང་དེའི་ནང་དུ་འདུས་ཡོད།

ཚན་རིག་དང་ནང་ཆོས་ཀྱི་རྒྱུ་མཚན་འགོད་ཚུལ་མི་འདྲ་ས་ཞིག་ནི་རྗེས་དཔག་ཡིན་པ་དང༌། ཤིན་ཏུ་རྙོག་འཛིང་ཆེ་བའི་རྩིས་རིག་གི་རྒྱུ་མཚན་བཀོལ་སྤྱོད་དར་རྒྱས་ཆེ་བས། ཚན་རིག་གི་རྒྱུ་མཚན་འགོད་སྟངས་ནི་ནང་པའི་རྒྱུ་མཚན་འགོད་སྟངས་དང་འདྲ་མཚུངས་མེད། གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པ་གཞན་དག་དང་འདྲ་བར། ལོ་རྒྱུས་ཀྱི་ཆ་ནས་ནང་པའི་རྒྱུ་མཚན་འགོད་སྟངས་དེ་ཡང་རགས་པར་གནས་ཏེ་བརྗོད་བྱ་བྱེ་བྲག་པ་ཞིག་གི་རྒྱབ་ལྗོངས་དང་ནམ་ཡང་ཁ་གྱེས་མེད། དེ་ལས་ལྡོག་སྟེ། རྩིས་རིག་གི་གཏན་ཚིགས་ལ་ཚད་གཞི་རྒྱ་ཆེ་བའི་སྤྱི་མཚན་ལྡན་ཞིང༌། དེའི་ཕྱིར་སྒྲུབ་བྱེད་ཅིག་ལ་ཚད་མ་ཡོད་མེད་ནི་མཚུངས་རྩིས་ཡང་དག་ཅིག་ལ་བརྟེན་ནས་མཐའ་གཅིག་ཏུ་ཐག་གཅོད་བྱེད་ཐུབ། འདི་ལྟར་རྩིས་རིག་ལ་བརྟེན་ནས་སྤྱི་སྡོམ་བྱེད་ཐུབ་པའི་ཚད་གཞི་ནི་སྲོལ་རྒྱུན་གྱི་གཏན་ཚིགས་རིག་པར་ལྟོས་ན་ཧ་ཅང་མཐོ་བོ་ཡིན། ངོ་མཚར་ཆེ་བའི་རྩིས་རིག་གི་འབྲས་བུ་འདི་རྒྱུ་མཚན་དུ་བཞག་ནས་བཤད་ན། མི་འགའ་ཤས་ཀྱིས་རྩིས་རིག་གི་ཆོས་ཉིད་དེ་ཚོ་རང་རྐྱ་ཐུབ་པ་དང༌། རྩིས་རིག་ནི་རང་བྱུང་ཁམས་ཆེན་པོ་ལ་ལྷན་སྐྱེས་སུ་ཡོད་པའི་བརྡ་སྤྲོད་ཅིག་ཡིན་པར་ཡིད་ཆེས་བྱེད་པ་དེར་ཧ་ལས་མི་དགོས།

བདག་གི་ལྟ་ཚུལ་ལ། ཚན་རིག་དང་ནང་ཆོས་གཉིས་ཀྱི་ཁྱད་པར་གཞན་ཞིག་ནི་ཚད་ལྡན་གྱི་ཚོད་དཔག་ཅིག་ཅི་ཡིས་གྲུབ་མ་གྲུབ་འདི་ཡིན། ཕོ་ཕར་གྱིས་ཚན་རིག་རང་གི་དྲི་བ་ཞིག་གི་རྒྱ་ཁྱོན་ལ་འགྲེལ་བཤད་བྱས་ཡོད་པ་དེ་ཡང་སྐབས་འདིར་གོ་བ་ཆེན་པོ་ལེན་རྒྱུ་ཡོད། འདི་ལ་ཕོ་ཕར་གྱི་སུན་འབྱིན་ལྟ་བ་ཟེར། ཚན་རིག་གི་འདོད་ཚུལ་ཅི་འདྲ་ཞིག་ཡིན་རུང་བདེན་པ་མིན་ན་མིན་པར་སྟོན་པར་བྱེད་པའི་ཆ་རྐྱེན་གྱི་འགྲེལ་བཤད་འདོད་ཚུལ་དེའི་རང་ངོས་ནས་ཚང་དགོས་པ་སུན་འབྱིན་གྱི་ལྟ་བ་འདིས་བསྟན། དཔེར་ན། འཇིག་རྟེན་བཀོད་པ་པོས་འཇིག་རྟེན་བསྐྲུན་པའི་འདོད་ཚུལ་འདི་ནི་ཚན་རིག་གི་འདོད་ཚུལ་ཞིག་ཆགས་མི་སྲིད་དེ། འདི་ལ་བདེན་པ་མིན་ན་མིན་པར་ར་སྤྲོད་བྱེད་པའི་ཆ་རྐྱེན་གྱི་གསལ་བཤད་རང་ངོས་ནས་གྲུབ་མེད། རྩ་འཛིན་འདི་དམ་འཛིན་བྱས་ན་ཀུན་སྤྱོད་རིག་པ་དང༌། མཛེས་དཔྱོད་རིག་པ། སེམས་དོན་རིག་པ་ཐེ་བའི་འགྲོ་བ་མིའི་འཚོ་གནས་དང་འབྲེལ་བའི་ཁྱད་ཆོས་གང་མང་ཞིག་ཚན་རིག་གི་ཁྱབ་ཁོངས་སུ་ཚུད་མེད། འོན་ཀྱང༌། ནང་ཆོས་ཀྱི་དཔྱད་གཞིའི་ཁྱབ་ཁོངས་སུ་ཕྱི་ཡུལ་གྱི་ཆོས་ཙམ་མ་ཡིན་པར། ནང་ཡུལ་ཅན་གྱི་མྱོང་བ་དང་རིན་ཐང་གི་གནད་དོན་སོགས་ཚུད། གསལ་པོར་བཤད་ན། ཚན་རིག་གིས་མངོན་སུམ་གྱི་དངོས་ཡོད་གནས་ལུགས་མ་གཏོགས་གཟུགས་འདས་རིག་པའི་གནད་དོན་དང་ཀུན་སྤྱོད་རིག་པ་ལ་ཐེ་གཏོགས་བྱེད་ཀྱི་མེད། ཡིན་ཡང༌། ནང་པའི་གཞུང་དུ་འདི་གསུམ་ཀར་འཚོལ་ཞིབ་ནན་མོ་ཞིག་བྱེད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན།

ཕོ་ཕར་གྱི་སུན་འབྱིན་ལྟ་བ་འདི་བོད་པའི་ནང་ཆོས་ཀྱི་མཚན་ཉིད་རིག་པའི་སྲོལ་རྒྱུན་ནང་ཡོད་པའི་དཔྱད་ཐབས་ཀྱི་རྩ་འཛིན་གཙོ་བོ་ཞིག་དང་མཚུངས། ང་ཚོས་དེ་ལ་དགག་བྱའི་རྒྱ་ཁྱོན་གྱི་ལྟ་བ་ཟེར་ཆོག དེའི་དོན་ནི་ཆོས་གང་ཞིག་མ་རྙེད་པ་དང་ཆོས་གང་ཞིག་མེད་པར་རྙེད་པའི་བར་ལ་རྩ་བའི་ཆ་ནས་ཁྱད་པར་ཡོད་པ་འདི་ཡིན། ངས་ཆོས་ཤིག་བཙལ་ནས་མ་རྙེད་ན། འདིས་ངའི་བཙལ་བྱའི་ཆོས་དེ་མེད་པར་སྟོན་མི་ཐུབ། མ་མཐོང་བ་དང་མེད་པར་མཐོང་བ་གཉིས་གཅིག་པ་མིན། ཆོས་ཤིག་མ་མཐོང་བ་དང་མེད་པར་མཐོང་བ་གཉིས་དུས་གཅིག་ཏུ་འབྱུང་བར། འཚོལ་ཐབས་དང་བཙལ་བྱའི་ཆོས་གཉིས་ངེས་པར་དུ་ཕན་ཚུན་དོ་མཉམ་པ་ཞིག་ཡིན་དགོས། དཔེར་ན། ཁྱེད་ཀྱིས་ཀློག་བཞིན་པའི་ཤོག་ལྷེའི་སྟེང་དུ་སྡིག་རྺ་མེད་པར་མཐོང་བ་འདི་ནི་ཤོག་ལྷེ་འདིའི་སྟེང་དུ་སྡིག་རྺ་མེད་པའི་བདེན་དཔང་ཚད་ལྡན་ཞིག་ཡིན་ཏེ། སྡིག་རྺ་ཡོད་ན་མིག་ཤེས་ལ་ཐད་ཀར་སྣང་ཐུབ། ཡིན་ཡང་ཤོག་ལྷེ་འདིའི་ཤོག་བུའི་ནང་དུ་སྐྱུར་རྫས་མ་མཐོང་བ་ནི་ཤོག་བུ་འདིའི་སྟེང་དུ་སྐྱུར་རྫས་མེད་པར་མཐོང་བ་དང་གཅིག་པ་མིན། རྒྱུ་མཚན་ནི་ཤོག་བུ་འདིའི་ནང་དུ་སྐྱུར་རྫས་ཡོད་པར་མཐོང་བ་ལ་མིག་དབང་ལས་གཞན་པའི་འཕྲུལ་ཆས་དགོས་ཀྱི་རེད། དུས་རབས་བཅུ་བཞི་པའི་ནང་ལ་བྱོན་པའི་མཚན་ཉིད་རིག་པ་སྨྲ་བ་རྗེ་ཙོང་ཁ་པས། རྩ་འཛིན་འདི་ལ་འཕར་སྣོན་དུ་རིགས་པས་བཀག་པ་དང་རིགས་པས་མ་གྲུབ་པའི་བར་དང༌། དེ་བཞིན་དུ་རིགས་པས་དཔྱད་མི་བཟོད་པ་དང་རིགས་པས་གནོད་པའི་བར་བཅས་ལ་གཅིག་མཚུངས་ཀྱི་ཁྱད་པར་ཡོད་ཚུལ་གསུངས་ཡོད།

དཔྱད་ཐབས་ཀྱི་ཁྱད་པར་འདི་ཚོ་རྟོགས་དཀའ་བར་སྣང་ནའང༌། འདི་ཚོས་ཚན་རིག་གི་འཚོལ་ཞིབ་ཀྱི་རྒྱ་ཁྱོན་ཐད་ལ་གོ་རྟོགས་གསར་པ་ཞིག་སྤྲོད་ཐུབ། དཔེར་ན། ཚན་རིག་གིས་འཇིག་རྟེན་བཀོད་པ་པོ་ཡོད་པར་ར་སྤྲོད་བྱས་མེད་པ་འདིས་འཇིག་རྟེན་བཀོད་པ་པོའི་རྗེས་འཇུག་པ་རྣམས་ལ་འཇིག་རྟེན་བཀོད་པ་པོ་མཐའ་གཅིག་ཏུ་མེད་པར་བསྟན་མེད། དེ་དང་གཅིག་མཚུངས་སུ་ཚན་རིག་གིས་སེམས་ཅན་སླར་ཡང་སྐྱེ་བ་ལེན་པ་ཁུངས་སྐྱེལ་མ་བྱས་པ་འདིས་སྐྱེ་བ་སྔ་ཕྱི་ཡོད་མི་སྲིད་པ་མཐའ་གཅིག་ཏུ་བསྟན་མེད། ཚན་རིག་གི་ནང་དུ་ང་ཚོའི་རྒྱུ་སྐར་མ་གཏོགས་རྒྱུ་སྐར་གཞན་དག་གི་སྟེང་དུ་ཚེ་སྲོག་ཡོད་པ་ད་ལྟ་བར་དུ་མ་རྙེད་པ་འདིས་རྒྱུ་སྐར་གཞན་དུའང་ཚེ་སྲོག་མེད་པ་ར་སྤྲོད་བྱས་མེད།

འདི་ལྟར་ལོ་རབས་བརྒྱད་ཅུ་པའི་དཀྱིལ་བར་དུ་རྒྱ་གར་ནས་ཕྱི་རྒྱལ་ཁག་ཏུ་འགྲུལ་བཞུད་མང་པོ་བྱས་པའི་སྐབས་སུ། ངས་ཚན་རིག་པ་དང་ཚན་རིག་གི་མཚན་ཉིད་རིག་པ་སྨྲ་བ་མང་པོ་ཞིག་ལ་ཐུག་འཕྲད་བྱས་པར་མ་ཟད། ཁོང་ཚོ་དང་ལྷན་དུ་ཐད་ཀར་དང་ཡང་ན་ཚོགས་འདུའི་སྟེང་དུ་གླེང་སློང་འདྲ་མིན་རྒྱ་ཆེན་བྱས་མྱོང༌། གླེང་སློང་དེ་ཚོ་ཁ་ཤས་ལ་ཐོག་མའི་སྐབས་སུ་ལྷག་པར་འབྲས་བུ་ལེགས་པོ་བྱུང་མེད། ཐེངས་ཤིག་གྲང་དམག་གི་སྐབས་སུ་མོ་སི་ཁི་རུ་ཚན་རིག་པ་ཁག་ཅིག་དང་ལྷན་དུ་ཚོགས་པའི་ཚོགས་འདུ་ཞིག་གི་སྟེང་ངས་རྣམ་པར་ཤེས་པའི་སྐོར་ལ་གླེང་སློང་བྱས་མ་ཐག་ཏུ། ཁོང་ཚོས་ངས་ཆོས་ལུགས་ཀྱི་ལྟ་ཚུལ་གཞིར་བཟུང་གི་བདག་རྟག་པའི་ལྟ་བ་དེ་དར་སྤེལ་བྱེད་ཀྱི་འདུག་བསམས་ནས་དགག་པ་བརྒྱབས་པ་དང༌། ཨོ་སུ་ཁྲུ་ཡ་ལེའི་ནང་དུ་ཚན་རིག་པ་ཞིག་གིས་གལ་ཏེ་ཚན་རིག་ལ་ཆོས་ཕྱོགས་ནས་སྐྱོན་བརྗོད་བྱས་ཚེ། ཁོ་རང་དེ་གར་འགོག་རྒོལ་བྱེད་པར་གྲ་སྒྲིག་བྱས་ནས་བསྡད་ཡོད་ཅེས་ཅུང་ཙམ་མ་དགའ་བའི་ངང་ནས་གཏམ་བཤད་འགོ་བཙུགས་སོང༌། འོན་ཀྱང༌། ༡༩༨༧ ལོ་ནི་ངའི་ཚན་རིག་ལ་གོམས་འདྲིས་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཡིན། ལོ་དེར་ཐེངས་དང་པོར་སེམས་དང་ཚེ་སྲོག་གི་ཚོགས་འདུ་དྷ་རམ་ས་ལའི་ངའི་སྡོད་གནས་སུ་ཚོགས།

ཚོགས་འདུ་དེ་ཆི་ལེ་༼Chile༽ནས་ཡིན་ཞིང་ཕ་རེ་སི་རུ་སློབ་ཁྲིད་བྱེད་པའི་དབང་རྩའི་ཚན་རིག་པ་ཝར་རེ་ལ་དང༌། ཨ་མི་རི་ཀའི་ཚོང་པ་ཨི་རྒད་ལི་༼Francisco Varela and Adam Engle༽གཉིས་ཀྱིས་བཀོད་སྒྲིག་བྱས། ཚན་རིག་གི་སྡེ་ཚན་འདྲ་མིན་ནས་ཡིན་ཞིང་བགྲོ་གླེང་གི་རིན་ཐང་ལ་གདེང་འཇོག་བྱེད་པའི་ཚན་རིག་པ་ཁག་ཅིག་མཉམ་དུ་བསྡུས་ཏེ། བདུན་ཕྲག་གཅིག་གི་རིང་ལ་བཀག་རྒྱ་མེད་པའི་ནང་ཚགས་ཀྱི་བགྲོ་གླེང་བྱེད་པའི་རེ་སྐུལ་ཞིག་ཁྱེར་ནས་ཁོང་གཉིས་ངའི་རྩར་བཅར་སོང༌། ངས་དེ་མ་ཐག་ཏུ་གྲོས་གཞི་དེར་མོས་མཐུན་བྱས་པ་ཡིན། འདི་ནི་ཚན་རིག་གི་བསམ་བློའི་མདུན་བསྐྱོད་དང༌། ཉེ་དུས་ཀྱི་ཞིབ་འཇུག ཚན་རིག་སྤྱི་བཅས་ལ་ཤེས་རྒྱ་བསྐྱེད་པའི་གོ་སྐབས་ཁྱད་དུ་འཕགས་པ་ཞིག་རེད། ཚོགས་འདུ་དང་པོ་དེར་ཞུགས་མཁན་རྣམས་ཀྱིས་སེམས་ཤུགས་བསྐྱེད་ནས་གླེང་སྟེགས་འདི་ད་བར་དུ་རྒྱུན་འཁྱོངས་བྱས་ཤིང༌། ལོ་གཉིས་རེའི་ནང་དུ་བདུན་ཕྲག་གཅིག་ལ་འཚོགས་ཀྱི་ཡོད།

ཨོ་སུ་ཁྲུ་ཡ་ལེའི་ནང་དུ་ཚོགས་འདུ་ཞིག་གི་སྟེང་ངས་ཝར་རེ་ལ་ཐོག་མར་མཐོང་བ་དང༌། ལོ་དེའི་ནང་དུ་ཁོང་དང་ཐད་ཀར་ཐུག་འཕྲད་བྱེད་པའི་གོ་སྐབས་ཤིག་ཀྱང་བྱུང་ནས་ངེད་གཉིས་འཕྲལ་དུ་གྲོགས་པོར་ཆགས། ཝར་རེ་ལ་ནི་ལུས་པོ་སྐམ་པ་དང༌། མིག་ཤེལ་གྱོན་ཞིང་སྐད་ཆ་ཧ་ཅང་འཇམ་པོར་ཤོད་མཁན་ཞིག་རེད། ཁོང་ལ་རྣམ་དཔྱོད་དང་ཚིག་བརྗོད་གསལ་པོ་གཉིས་ཟུང་དུ་སྦྲེལ་བའི་ཁྱད་ཆོས་ལྡན་པས་ཁོང་དགེ་རྒན་རྨད་དུ་བྱུང་བ་ཞིག་རེད། ཁོང་གིས་ནང་ཆོས་ཀྱི་མཚན་ཉིད་རིག་པ་དང་སྒོམ་སྒྲུབ་ཀྱི་སྲོལ་རྒྱུན་ལ་དོ་སྣང་ནན་ཏན་བྱས་ནའང༌། གཏམ་བཤད་ཀྱི་ནང་དུ་ཁོང་གིས་སྒྲོ་སྐུར་དང་ཕྱོགས་ལྷུང་མེད་པར་ད་ལྟའི་ཚན་རིག་གི་འཕེལ་ཕྱོགས་གཙོ་བོ་ནང་གི་བསམ་ཚུལ་རྣམས་ལ་འགྲེལ་བརྗོད་བྱས། ཝར་རེ་ལ་དང༌། ཨི་རྒད་ལི། ཧད་ཤེ་༼Barry Hershey༽བཅས་ནི་ང་ལ་བཀའ་དྲིན་ཅི་འདྲ་ཆེན་པོ་ཡིན་པ་བརྗོད་ཐབས་བྲལ་བ་ཞིག་ཡིན་ཞིང༌། ཚན་རིག་པ་རྣམས་དྷ་རམ་ས་ལར་ཕེབས་པར་ཧད་ཤེ་ཡིས་གཏོང་ཕོད་ཆེན་པོའི་ངང་ནས་མཐུན་སྦྱོར་བྱས་ཡོད། དེ་བཞིན་ཤེས་ཚད་ལྡན་པའི་སྐད་སྒྱུར་གཉིས་ཏེ་ཨ་མི་རི་ཀའི་ནང་པའི་མཁས་དབང་ཝ་ལད་སི་དང༌།༼Alan Wallace༽ ངའི་སྐད་སྒྱུར་ཐུབ་བསྟན་སྦྱིན་པ་གཉིས་ཀྱིས་ང་ལ་བགྲོ་གླེང་འདི་ཚོའི་ནང་དུ་རོགས་རམ་བྱས་ཡོད།

སེམས་དང་ཚེ་སྲོག་གི་ཚོགས་འདུ་ཐོག་མ་དེའི་སྐབས་ནུབ་ཕྱོགས་སུ་ཚན་རིག་གི་དཔྱད་ཐབས་དར་རྒྱས་བྱུང་ཚུལ་གྱི་ལོ་རྒྱུས་ཆ་ཚང་གི་ངོ་སྤྲོད་ང་ལ་ཐེངས་དང་པོར་ཐོབ། ངོ་སྤྲོད་འདིའི་ནང་གི་ལྟ་བའི་བཟོ་བཀོད་ཀྱི་འགྱུར་ལྡོག་ཟེར་བ་དེས་ངའི་དང་བ་དམིགས་བསལ་གྱིས་བསླངས། འདི་ནི་རིག་གཞུང་ཞིག་གི་འཇིག་རྟེན་ལྟ་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་དང༌། འགྱུར་ལྡོག་དེས་ཚན་རིག་གི་གོ་རྟོགས་ཀྱི་ཆ་ཐམས་ཅད་ལ་ཤུགས་རྐྱེན་ཐེབས་པ་བཅས་ཡིན། ཡོངས་གྲགས་ཀྱི་དཔེ་མཚོན་ཞིག་ནི་དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་གནའ་རབས་ཀྱི་ནེའུ་ཏྲོང་གི་དངོས་ཁམས་རིག་པ་གཞིར་བཟུང་གི་ལྟ་ཚུལ་ལ་འགྱུར་ལྡོག་བྱུང་ནས། ལྟོས་གྲུབ་རིག་པ་དང་ཁོན་ཏྲོམ་འགུལ་ཤུགས་རིག་པ་གཉིས་ནི་ད་ལྟའི་ཚན་རིག་གི་ལྟ་གྲུབ་ཀྱི་གཞི་རྩ་ཆགས་པ་འདི་རེད། ཐོག་མར་ངས་ལྟ་བའི་བཟོ་བཀོད་ཀྱི་འགྱུར་ལྡོག་འདི་གོ་དུས་ང་ཧ་ལས་བྱུང༌། དེ་ཡང་ངའི་བསམ་པར་ཚན་རིག་གིས་དངོས་ཡོད་གནས་ལུགས་ཀྱི་མཐར་ཐུག་གི་བདེན་དོན་འཚོལ་ཞིབ་དེ་མཐར་སྐྱེལ་བར་ཞུམ་པ་མེད་པ་དང༌། བདེན་དོན་འཚོལ་ཞིབ་དེའི་ནང་དུ་གསར་དུ་རྙེད་པའི་ཤེས་བྱས་འགྲོ་བ་མིའི་ཕྱོགས་བསྡུས་ཀྱི་ཤེས་ཡོན་ལ་འཕར་སྣོན་གྱི་གོམ་འགྲོས་ཤིག་མཚོན་ཞིང༌། འཚོལ་ཞིབ་འདིའི་མཐར་ཐུག་གི་དམིགས་གཏད་ནི་ཆ་ཚང་ཞིང་ཕུལ་བྱུང་གི་ཤེས་ཡོན་གྱི་འཇིག་རྟེན་ཞིག་ལ་ང་ཚོ་སྐྱེལ་རྒྱུ་དེ་རེད་སྙམ། འོན་ཀྱང༌། སྐབས་དེར་ངས་གོ་ཐོས་ལ། ཚན་རིག་གི་ལྟ་བའི་བཟོ་བཀོད་བྱེ་བྲག་པ་ཞིག་འབྱུང་བར་ཡུལ་ཅན་གྱི་རྒྱུ་རྐྱེན་གང་མང་ཞིག་གིས་ཤུགས་རྐྱེན་ཐེབས་པ་དང༌། དེའི་ཕྱིར་ཚན་རིག་གིས་ང་ཚོ་ལ་ཡུལ་གྱི་དངོས་ཡོད་གནས་ལུགས་ཆ་ཚང་བའི་གོ་རྟོགས་ཤིག་སྤྲོད་པར་བསམ་པ་ལ་དོགས་ཟོན་བྱེད་དགོས་པའི་རྒྱུ་མཚན་ཡོད་པར་བཤད་སོང༌།

ངས་བློ་རྒྱ་ཡངས་པའི་ཚན་རིག་པ་དང་ཚན་རིག་གི་མཚན་ཉིད་རིག་པ་སྨྲ་བ་ཚོར་སྐད་ཆ་བཤད་སྐབས། ཁོང་ཚོའི་ཚན་རིག་གི་གོ་རྟོགས་ཀྱི་གནད་ཕྲ་མོ་རྣམས་གཅིག་མཐུན་མིན་ཡང༌། ཐུན་མོང་ནས་ཚན་རིག་གི་ཤེས་ཡོན་ལ་ཚད་བཀག་ཡོད་པར་ངོས་འཛིན་བྱེད་པ་གསལ་པོ་རེད། འདི་དང་ཆབས་ཅིག་ཚན་རིག་པ་དང་ཚན་རིག་པ་མ་ཡིན་པའི་མི་མང་པོ་ཞིག་གིས་དངོས་ཡོད་གནས་ལུགས་ཀྱི་ཆ་ཡོངས་རྫོགས་ཚན་རིག་གི་མཐོང་རྒྱའི་ནང་དུ་འཚུད་དགོས་པ་དང་འཚུད་རྒྱུ་ཡིན་པར་ཡིད་ཆེས་བྱེད་པར་སྣང༌། སྤྱི་ཚོགས་ཡར་རྒྱས་བྱུང་བ་དང་ཚན་རིག་གིས་མུ་མཐུད་དེ་ང་ཚོའི་ཡིད་ཆེས་ཁུངས་མེད་དང༌། ལྷག་པར་ཆོས་ལུགས་དང་འབྲེལ་བའི་ཡིད་ཆེས་རྣམས་ལ་དག་ཐེར་བྱས་ཏེ་རྣམ་རྟོག་སེལ་ཞིང་ཆོས་ལུགས་ཀྱི་ངོ་བོ་དང་བྲལ་བའི་སྤྱི་ཚོགས་ཤིག་འབྱུང་བར་ཡིད་ཆེས་བྱེད། ལྟ་ཚུལ་འདི་མར་ཁེ་སིའི་དངོས་གཙོ་རྩོད་སྒྲུབ་རིང་ལུགས་སྨྲ་བ་ཚོར་གཅིག་མཚུངས་སུ་ཡོད་པ་ནི། རང་ཉིད་ནས་ལོ་རབས་ལྔ་བཅུ་པའི་ནང་དུ་རྒྱ་ནག་དམར་ཕྱོགས་སྲིད་གཞུང་གི་འགོ་ཁྲིད་ཚོ་ལ་འབྲེལ་བ་དང༌། མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློ་ལ་བོད་དུ་སློབ་སྦྱོང་བྱས་པ་བཅས་ལས་ཤེས་རྟོགས་བྱུང༌། ལྟ་ཚུལ་འདིས་འཇིག་རྟེན་བཀོད་པ་པོ་ཡོད་པ་དང༌། དེའི་སྙིང་རྗེ། བདག་རྟག་པ་ཡིན་པ་སོགས་ཐེ་བའི་ཆོས་ལུགས་ཀྱི་འདོད་ཚུལ་གང་མང་ཞིག་བདེན་པ་མིན་པར་ཚན་རིག་གིས་ཁུངས་སྐྱེལ་བྱས་ཟིན་པའི་འདོད་ཚུལ་ཞིག་གཞི་ལ་འཛིན། འདུ་ཤེས་འཛིན་སྟངས་ཀྱི་སྒྲོམ་གཞི་འདིའི་ནང་དུ་ཚན་རིག་གིས་ཁུངས་མ་བསྐྱལ་བ་དང་གཏན་འབེབས་མ་བྱས་པ་གང་ཡིན་པ་དེ་དག་རྫུན་མའམ་གལ་ཆུང་གི་གནས་སྟངས་ཤིག་ཏུ་ཆགས། དོན་ངོ་མར་ལྟ་ཚུལ་འདི་ཚོ་ནི་མཚན་ཉིད་རིག་པའི་བདེན་འཛིན་ཁག་ཅིག་ཡིན་ཞིང༌། འདི་དག་གིས་འཛིན་པ་པོ་རང་ཉིད་ཀྱི་གཟུགས་འདས་རིག་པའི་ཕྱོགས་ལྷུང་དེ་མཚོན། ང་ཚོས་ཚན་རིག་གི་ནང་དུ་ལྟ་བ་མཁྲེགས་འཛིན་བྱེད་རྒྱུ་འདོར་དགོས་པ་བཞིན་སེམས་དོན་རིག་པ་ཡང་འདི་འདྲའི་བཀག་རྒྱ་ལས་ཐར་བར་འགན་ལེན་བྱེད་དགོས།

མངོན་སུམ་རིག་པས་ཞིབ་ལྟ་བྱེད་ཐུབ་པ་དང༌། གྲངས་འབོར་དང་རྒྱ་ཁྱོན་ཚད་འཇལ་བྱེད་ཆོག་པ། ཚོད་ལྟ་བསྐྱར་ཟློས་བྱེད་འོས་པ། དཔྱོད་པ་པོ་མང་པོས་ཁུངས་སྐྱེལ་བྱེད་ཐུབ་པ་བཅས་ཀྱི་དངོས་ཡོད་གནས་ལུགས་ཤིག་གི་ཆ་དང༌། དེ་བཞིན་དཔྱད་ཐབས་འདི་དག་ལ་འཇུག་པའི་འགྲོ་བ་མིའི་མྱོང་བ་སོགས་ལ་ཚན་རིག་གིས་དཔྱད་ཐབས་བྱེ་བྲག་པ་ཞིག་གི་ལམ་ནས་བརྟག་དཔྱད་བྱེད་ཀྱི་ཡོད། དེ་ཡང་གང་ཟག་གཅིག་ཙམ་མ་ཡིན་པར་དཔྱོད་པ་པོ་ཚང་མས། ངས་དེ་མཐོང་སོང་དང་ང་ལའང་འབྲས་བུ་གཅིག་པ་བྱུང་སོང་ཟེར་ཐུབ་པ་ཞིག་དགོས། དེར་བརྟེན་ལུགས་མཐུན་གྱི་ཚན་རིག་གི་འཚོལ་ཞིབ་ནི་མིའི་ལུས་པོ་དང༌། གཟའ་སྐར་གྱི་ཕུང་པོ། ཚད་འཇལ་ཐུབ་པའི་ནུས་ཤུགས། བཟོ་བཀོད་ཅིག་གི་བྱེད་ལས་སོགས་དངོས་ཁམས་ལས་མ་འདས་པའི་འཇིག་རྟེན་ཞིག་ལས་བརྒལ་མེད། འདི་འདྲའི་འཚོལ་ཞིབ་ལས་བྱུང་བའི་མངོན་སུམ་གྱི་ཤེས་བྱ་གསར་པ་རྣམས་ད་དུང་ཞིབ་འཇུག་རྒྱ་ཆེན་དང་ཚན་རིག་གི་ཤེས་ཡོན་གྱི་ཁོངས་སུ་འཇུག་ཆོག་པའི་སྤྱི་མཚན་གྱི་གཞི་རྩར་འཇོག་གི་ཡོད། འདི་ནི་དོན་ངོ་མར་དེང་སྐབས་ཀྱི་ཚན་རིག་གི་བཟོ་བཀོད་གྲུབ་ཚུལ་ཡིན། བཟོ་བཀོད་འདིའི་ནང་དངོས་ཡོད་གནས་ལུགས་ཀྱི་ཆ་ཐམས་ཅད་དང༌། ལྷག་པར་འགྲོ་བ་མིའི་འཚོ་གནས་ཀྱི་རང་བཞིན་བཅས་ཚུད་མེད་པ་དང༌། འཚུད་རྒྱུ་ཡང་མ་རེད། ཚན་རིག་གིས་ལེགས་པར་ཉམས་ཞིབ་བྱེད་ཐུབ་པའི་ཕྱིའི་དངོས་པོའི་འཇིག་རྟེན་དུ་མ་ཟད། ད་དུང་ཚོར་བ་དང༌། བསམ་བློ། རིན་ཐང༌། དེ་བཞིན་འདི་ཚོ་གཞི་རྟེན་དུ་གྱུར་པའི་སེམས་དོན་གྱི་དམིགས་གཏད་སོགས་ལས་གྲུབ་པའི་ཡུལ་ཅན་གྱི་འཇིག་རྟེན་གཞན་ཞིག་ཀྱང་ཡོད། གལ་ཏེ་ང་ཚོས་འཇིག་རྟེན་འདི་དངོས་ཡོད་གནས་ལུགས་རྟོགས་པར་འབྲེལ་མེད་དུ་བརྩིས་ན། ང་ཚོས་ཕུན་སུམ་ཚོགས་པའི་རང་ཉིད་ཀྱི་འཚོ་གནས་ཀྱི་ཁྱད་ཆོས་མང་པོ་ཞིག་བརླག་པར་མ་ཟད། ང་ཚོའི་གོ་རྟོགས་ཀྱང་ཆ་ཚང་བ་ཞིག་ཆགས་མི་སྲིད། རང་ཉིད་ཀྱི་འཚོ་གནས་ཐེ་བའི་དངོས་ཡོད་གནས་ལུགས་ནི་ཡུལ་གཙོ་བོར་འཛིན་པའི་དངོས་གཙོ་ཚན་རིག་གི་འགྲེལ་བཤད་ལས་ཆེས་རྙོག་འཛིང་ཆེ་བ་ཞིག་རེད།། །།

མཆན།

ས་གཤིས་རིག་པ། ༼geology༽

སའི་གོ་ལའམ་གོ་ལ་གཞན་གྱི་བཟོ་བཀོད་དང༌། གྲུབ་བྱེད་ཀྱི་ས་དང་རྡོ། གཏེར་དངོས། དེ་བཞིན་དེ་དག་གི་འབྱུང་ཁུངས་དང་བྱུང་རིམ་སོགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་གི་སྡེ་ཚན་ཞིག

 ས་བཤད་རིག་པ། ༼geography༽

སའི་གོ་ལའི་ཕྱིའི་རྣམ་པ་ལ་ཞིབ་འཇུག་བྱེད་པའི་ཚན་རིག་གི་སྡེ་ཚན་ཞིག་སྟེ། ཞིབ་འཇུག་འདིའི་ནང་དུ་སྐྱེ་ལྡན་གྱི་ཁྱབ་གདལ་དང༌། གནམ་གཤིས། ཆུ་དང་རི་ཀླུང་སོགས་ཀྱང་འདུས།

 ཨ་ཡིམ་སི་ཐམ། ༼Albert Einstein 1879-1955༽

འཇར་མན་དུ་སྐྱེས་པའི་དངོས་ཁམས་རིག་པ་བ་ཞིག་སྟེ། ཆུང་དུས་ནས་སློབ་གྲྭ་མང་པོ་འགྲིམས་མེད་ཀྱང་རྩིས་རིག་ལ་ཤིན་ཏུ་མཁས་པ་དང༌། ཁོང་གིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལྟོས་གྲུབ་ཀྱི་རྣམ་གཞག་སོགས་གཏན་འབེབས་བྱས་ཤིང༌། ནུབ་ཕྱོགས་ཀྱི་མཐོ་སློབ་གང་མང་ཞིག་ཏུ་དགེ་རྒན་ཆེན་མོའི་འགན་ཡང་བཞེས་མྱོང༌། མདོར་ན། ཁོང་ནི་༡༩༢༡ ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་ཐོབ་པའི་དུས་རབས་ཉི་ཤུ་པའི་ཚན་རིག་པ་སྙན་གྲགས་ཆེ་ཤོས་དེ་རེད།

ནེའུ་ཏྲོང༌། ༼Sir Isaac Newton 1643-1727༽

དབྱིན་ཡུལ་དུ་སྐྱེས་པའི་ཚན་རིག་པ་གྲགས་ཆེན་ཞིག་སྟེ། ཁོང་གིས་ཡོངས་ཁྱབ་ཀྱི་འཐེན་ཤུགས་དང་འགུལ་སྐྱོད་སོགས་ཀྱི་ཆོས་ཉིད་ལ་གསལ་བཤད་བྱས་ནས་གནའ་བོའི་འགུལ་ཤུགས་རིག་པ་གཏན་འབེབས་བྱས། དེང་རབས་ཀྱི་དངོས་ཁམས་རིག་པ་དང་ལྟོས་གྲུབ་རིག་པས་ཁོང་གི་འགྲེལ་བཤད་དེ་ཚོ་ཕལ་ཆེ་བ་སུན་འབྱིན་བྱས་ཡོད་ཀྱང༌། རང་བྱུང་ཁམས་ཆེན་པོ་འདིའི་ནང་གི་ང་ཚོའི་ཉིན་རེའི་མྱོང་བ་དང༌། རྒྱུན་འཇགས་ཀྱི་གོ་རྟོགས་ལ་ད་དུང་འགྲེལ་བཤད་དེ་ཚོ་ཧ་ཅང་འཚམ་པོ་ཡིན།

 ར་ཇན་དྷ་ར། ༼Dr Rajendra Prasad 1884-1963༽

ཁོང་ནི་རྒྱ་གར་གྱི་མངའ་སྡེ་སྦེ་ཧར་དུ་སྐྱེས་ཤིང༌། ཀ་ལི་ཀ་ཏ་རུ་ཁྲིམས་རྩོད་པ་བྱས་པར་མ་ཟད། ཁྲིམས་ལུགས་ཀྱི་དགེ་རྒན་ཡང་བྱས་མྱོང༌། ༡༩༡༧ ལོར་གནདྷིའི་རྗེས་འབྲང་བར་གྱུར་ནས་རྒྱ་གར་རང་བཙན་གྱི་ཞི་བའི་ལས་འགུལ་ནང་དུ་ཞུགས། ཕྱིས་སུ་རང་གི་ཆེད་ལས་བསྐྱུར་ནས་རྒྱ་གར་གྱི་རང་དབང་གི་དོན་དུ་ལས་ཀ་བསྟུད་མར་བྱས་ཏེ། ༡༩༥༠ ལོར་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་འགྱུར་སྐབས། ཁོང་རྒྱ་གར་གྱི་སྲིད་འཛིན་ཐོག་མ་དེ་ཆགས།

 ཟར་ཝེ་ཕ་ལེ། ༼Dr Sarvepalli Radhakrishnan 1888-1975༽

ར་ཇན་རྡ་ར་དང་དུས་མཉམ་དུ་བྱུང་བའི་རྒྱ་གར་གྱི་མཁས་དབང་ཆེན་པོ་ཞིག་སྟེ། རྒྱ་གར་གྱི་མཐོ་སློབ་ཁག་ཅིག་ཏུ་ལས་འགན་གལ་ཆེན་བཞེས་མྱོང་བར་མ་ཟད། དབྱིན་ཇིའི་མཐོ་སློབ་འོ་ཁི་སི་ཧཕོད་ཏྲིའི་ནང་དུའང་དགེ་རྒན་ཆེན་མོའི་འགན་བཞེས་ཏེ་ཤར་ཕྱོགས་ཀྱི་ཆོས་ལུགས་དང་ཀུན་སྤྱོད་ཀྱི་ཐད་ལ་སློབ་ཁྲིད་བྱས། ཁོང་གིས་རྒྱ་གར་གྱི་གནའ་བོའི་མཚན་ཉིད་རིག་པའི་གཞུང་ལུགས་གང་མང་ཞིག་དབྱིན་ཡིག་ལ་བསྒྱུར་ནས་ནུབ་ཕྱོགས་པའི་སྤྱན་ལམ་དུ་དྲངས་པ་དང༌། དེ་བཞིན་རྒྱ་གར་གྱི་མཚན་ཉིད་རིག་པའི་སྐོར་ལ་བརྩམས་ཆོས་ཀྱང་གང་མང་ཞིག་མཛད་འདུག

ཐོ་མ་སི། ༼Thomas Merton 1915-1968༽

ཆོས་ལུགས་ལ་དུང་ཞེན་ཆེ་བའི་རྩོམ་པ་པོ་དང་སྙན་ངག་པ་ཞིག་རེད། ཁོང་ཧཕ་རན་སིའི་ནང་དུ་སྐྱེས་པ་དང༌། ཕྱིས་སུ་དབྱིན་ཇི་དང་ཨ་རིའི་ནང་དུའང་སློབ་སྦྱོང་བྱས་ནས་ཁོད་ལོམ་བྷེ་ཡ་མཐོ་སློབ་ཏུ་དབྱིན་ཡིག་གི་སློབ་ཁྲིད་བྱས། ༡༩༤༣ ལོར་ཡེ་ཤུ་གྲྭ་པའི་སྡོམ་པ་བླངས། ༡༩༦༨ ལོར་སྦམ་ཁོད་ཀི་རུ་ནང་བསྟན་དང་ཡེ་ཤུ་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་ལ་ཞུགས་སྐབས་མགྲོན་ཁང་དུ་གློག་བརྒྱབས་ནས་རྐྱེན་འདས་སུ་གྱུར། ཁོང་ནི་ཆོས་ལུགས་བར་གྱི་བགྲོ་གླེང་ལ་གདེང་འཇོག་བྱེད་མཁན་ཞིག་ཀྱང་རེད་འདུག



ཝར་ཛི་ཟ་ཁར། ༼Carl von Weizsacker 1912-2007༽

འཇར་མན་དུ་སྐྱེས་པའི་དངོས་ཁམས་རིག་པ་དང་མཚན་ཉིད་རིག་པ་སྨྲ་བ་ཞིག་སྟེ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འཇར་མན་དུ་ཁོན་ཏྲོམ་དངོས་ཁམས་རིག་པ་བ་ཝན་ནར་གྱི་འགོ་ཁྲིད་འོག་ནས་རྡུལ་ཕྲན་གྱི་ཚི་གུ་ལ་ཞིབ་འཇུག་བྱེད་མཁན་ཞིག་རེད། དམག་ཆེན་གཉིས་པའི་རྗེས་ནས་རིམ་གྱིས་ཞིབ་འཇུག་གི་སྡེ་ཚན་སོགས་ཀྱི་འགན་འཛིན་དང༌། དེ་བཞིན་ཧམ་བྷ་ཀི་མཐོ་སློབ་ཏུ་མཚན་ཉིད་རིག་པའི་དགེ་རྒན་ཆེན་མོའི་ལས་ཀའང་བྱས། ཁོང་དང་རྒྱ་གར་གྱི་མཚན་ཉིད་རིག་པ་སྨྲ་བ་ཞིག་གིས་ནུབ་ཕྱོགས་ཀྱི་ཚན་རིག་དང་ཤར་ཕྱོགས་ཀྱི་ཤེས་རབ་ཟེར་བའི་ཞིབ་འཇུག་ཚོགས་པ་ཞིག་གསར་འཛུགས་བྱས་འདུག

 ཝན་ནར། ༼Werner Heisenberg 1901-1976༽

འཇར་མན་གྱི་ཁོན་ཏྲོམ་དངོས་ཁམས་རིག་པའི་མཁས་དབང་ཞིག་སྟེ། ཁོང་ནི་དུས་རབས་ཉི་ཤུ་པའི་ནང་གི་དངོས་ཁམས་རིག་པ་བ་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཅིང༌། ན་རྫེའི་སྲིད་དབང་གི་སྐབས་སུ་རྡུལ་ཕྲན་ཞིབ་འཇུག་གི་ལས་གཞིའི་འགོ་འཛིན་གནང༌། ཁོང་གིས་དེང་རབས་ཀྱི་དངོས་ཁམས་རིག་པའི་རྩ་འཛིན་གལ་ཆེན་ཞིག་སྟེ་ངེས་མེད་ཆོས་ཉིད་གསར་དུ་རྙེད་ནས། ཁོན་ཏྲོམ་འགུལ་ཤུགས་རིག་པའི་དར་རྒྱས་ལ་ཤན་ཤུགས་ཆེན་པོ་ཐེབས། དེའི་ཕྱིར་༡༩༣༢ ལོར་ཁོང་ལ་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་ཀྱང་ཐོབ་པ་རེད།

 སྦོད་མི། ༼David Bohm 1917-1992༽

ཁོང་ནི་ཨ་མི་རི་ཀའི་ནང་དུ་སྐྱེས་ནའང༌། འཛམ་གླིང་དམག་ཆེན་གཉིས་པ་ཡས་མས་སུ་དམར་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཚོར། གྲོས་ཚོགས་ཀྱི་ཚོགས་མི་མད་ཁི་ཁ་ཐེ་གཙོས་མི་མང་པོ་ཞིག་གིས་གནོན་ཤུགས་སྤྲད་པས། ༡༩༤༠ ལོར་དབྱིན་ཡུལ་དུ་བཙན་བྱོལ་ལ་འགྲོ་དགོས་བྱུང༌། ཁོང་ནི་ཁོན་ཏྲོམ་དངོས་ཁམས་རིག་པ་བ་ཞིག་ཡིན་ཞིང༌། དངོས་ཁམས་རིག་པའི་རྣམ་གཞག་དང་མཚན་ཉིད་རིག་པ། དབང་རྩའི་སེམས་ཁམས་རིག་པ་སོགས་ཚན་རིག་གི་སྡེ་ཚན་མི་ཉུང་བ་ཞིག་ལ་ཤེས་ཡོན་གྱི་ལེགས་སྐྱེས་ཕུལ་ཡོད།



ཀེར་ཤི་ན་མོ་ཏྲེ། ༼Jiddu Krishnamurti 1895-1986༽

རྒྱ་གར་ལྷོ་ཕྱོགས་སུ་སྐྱེས་ཤིང༌། ལོ་ན་ཆུང་དུས་ནས་ལྷའི་ཤེས་རབ་ཚོགས་པའི་ལྟ་སྐྱོང་འོག་ནས་འཚར་ལོངས་བྱུང་ཡང༌། ཁོང་གི་ལྷག་བསམ་དང་བློ་དཀར་ནི་རྒྱལ་ཁབ་དང༌། ཆོས་ལུགས། དེ་བཞིན་རིགས་རྒྱུད་བྱེ་བྲག་པ་ཞིག་ལ་དབང་བ་མ་ཡིན་པར། མི་ཚེ་ཧྲིལ་པོར་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ལ་སོང་ནས་མང་ཚོགས་ལ་མཚན་ཉིད་རིག་པ་དང་སེམས་དོན་རིག་པ་སོགས་དང་འབྲེལ་བའི་བརྗོད་བྱའི་ཐོག་གཏམ་བཤད་གནང་ཞིང༌། དགུང་ལོ་དགུ་བཅུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་དུ་ཞི་བདེ་དང་གོ་རྟོགས་ཐད་ལ་གཏམ་བཤད་བྱས། ཆེས་ཐོག་མ་དང་མཐའ་མའི་རང་དབང་ཟེར་བ་ལྟ་བུའི་བརྩམས་ཆོས་ཀྱང་མང་པོ་འདུག

 རྒི་ལོན། ༼gluon༽

རྡུལ་ཕྲན་གྲུབ་རྫས་ཀྱི་རྩ་བའི་ཆ་ཕྲ་མོ་སྟེ་ཉེ་རྡུལ་རྣམས་ལྷན་དུ་བསྡམས་པའི་ནུས་ཤུགས་ཤིག་རེད། ཐ་སྙད་འདི་ནི་དབྱིན་ཡིག་གི་ཚིག་སྟེ་སྦྱོར་བའམ་སྦྱར་རྫས་༼glue༽ལས་གྲུབ།

 ཉེ་རྡུལ། ༼quark༽

རྡུལ་ཕྲན་གྲུབ་རྫས་ཀྱི་རྩ་བའི་ཆ་རྡུལ་ཡིན་ལ། ཉེ་རྡུལ་ལ་རིགས་མ་འདྲ་བ་དྲུག་ཡོད་པར་བཤད།

 སྐུ་ཞབས་ཕོ་ཕར། ༼Sir Karl Raimund Popper 1902-1994 ༽

ཨོ་སུ་ཊར་རེའི་རྒྱལ་ས་ཝེ་ཡེན་ནའི་ནང་དུ་སྐྱེས་ཤིང༌། དེ་གའི་མཐོ་སློབ་ནས་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོའི་གོ་གནས་ཐོབ། ཕྱིས་སུ་ནེའོ་ཛར་ལན་ཏྲི་དང་དབྱིན་ཡུལ་གྱི་མཐོ་སློབ་ཁག་ཅིག་ཏུའང་དཔེ་ཁྲིད་བྱས། ཁོང་དུས་རབས་ཉི་ཤུ་པའི་ཚན་རིག་གི་མཚན་ཉིད་རིག་པ་སྨྲ་བ་གྲགས་ཆེན་ཞིག་ཏུ་བརྩི་དགོས་པའི་རྒྱུ་མཚན་ནི། ཁོང་གིས་བརྩམས་པའི་ཚན་རིག་གི་གསང་བརྟོལ་གྱི་གཏན་ཚིགས་ཞེས་པའི་དཔེ་དེབ་ཀྱི་ནང་དུ། ཚན་རིག་གི་རང་བཞིན་ནི་རྩ་བའི་ཆ་ནས་ཕྱོགས་བསྡུས་རིགས་འགྲེ་ཡིན་པའི་འདོད་ཚུལ་ལ་སྐྱོན་བརྗོད་བྱས་ནས། ཚན་རིག་གི་འཚོལ་ཞིབ་ཀྱི་རང་བཞིན་ནི་ཚོད་དཔག་གཞིར་བཞག་གི་རྗེས་དཔག་ཡིན་པར་གསལ་སྟོན་བྱས་ཡོད་པ་དེ་རེད།

 ཝར་རེ་ལ། ༼Francisco Varela 1946-2001 ༽

ཁོང་ནི་ཆི་ལེ་རུ་སྐྱེས་ཤིང༌། ཧ་ཝད་ཏྲི་མཐོ་སློབ་ནས་སྐྱེ་དངོས་རིག་པའི་སློབ་དཔོན་ཆེན་མོའི་གོ་གནས་བླངས། ༡༩༧༠ ནང་ཁོང་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པར་གྱུར་ནས་ནང་ཆོས་ལ་སློབ་གཉེར་བྱས། ཁོང་གིས་ཆི་ལེ་དང་ཧཕ་རན་སིའི་ནང་དུ་རིམ་པས་སྐྱེ་དངོས་རིག་པ་དང༌། བློའི་འཛིན་པའི་ཚན་རིག ཚད་མ་རིག་པ། དབང་རྩའི་ཚན་རིག་སོགས་ཁྲིད་མྱོང་བར་མ་ཟད། ཞིབ་འཇུག་ཚོགས་པ་ཞིག་གི་གཙོ་འཛིན་ཡང་བྱས་འདུག མཆིན་པའི་ཚད་ནད་ཀྱི་དབང་གིས་༢༠༠༡ ལོར་ཚེ་འཕོས།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།