རྡུལ་སྙེད་འཇིག་རྟེན། ཚན་རིག་དང་སེམས་དོན་གྱི་སྒོ་ནས་ང་ཚོའི་འཛམ་གླིང་ལ་ཞབས་ཞུ་ཇི་ལྟར་སྒྲུབ་ཐུབ།
རྩོམ་པ་པོ། ༸གོང་ས་ཏཱ་ལའི་བླ་མས་མཛད།
ངའི་ཤེས་རིག་གི་སྦྱོང་བརྡར་དེ་ནང་པའི་ལྟ་ཚུལ་ཡིན་སྟབས་ནང་ཆོས་ཀྱི་འདོད་ཚུལ་གལ་ཆེན་རྣམས་དང་ཚན་རིག་གི་ལྟ་ཚུལ་གལ་ཆེན་ཁག་གི་དབར་འབྲེལ་བ་ཇི་འདྲ་ཞིག་ཡོད་དམ་སྙམ་པའི་བསམ་བློ་ཡང་ཡང་འཁོར་མྱོང༌། དེབ་འདི་དེ་ལྟར་བསམ་བློ་རྒྱུན་རིང་འཁོར་བ་དང༌། བོད་ཀྱི་ནང་པའི་དགེ་འདུན་པ་ཞིག་ལྦུ་བའི་ཁང་པ་ (bubble chamber) དང༌། རྡུལ་ཕྲན་མྱུར་མགྱོགས་གཏོང་བྱེད། ཨེ་ཕེ། ཨེམ། ཨར། ཨ་ཡི།(fMRI) བྱེད་ལས་ཁབ་ལེན་གློག་དཔར་བཅས་ཀྱི་འཛམ་གླིང་ནང་ཤེས་ཡོན་གྱི་འགྲུལ་བཞུད་བྱས་པ་ལས་བྱུང་བ་ཞིག་ཡིན། དེང་རབས་ཀྱི་ཚན་རིག་བྱུང་བ་ནས་བཟུང་སྟེ་འགྲོ་བ་མི་རྣམས་ཤེས་ཡོན་དང་བདེ་སྐྱིད་ཀྱི་འབྱུང་ཁུངས་གལ་ཆེ་ཤོས་སེམས་དོན་རིག་པ་དང་ཚན་རིག་གཉིས་དབར་ཕན་ཚུན་འབྲེལ་མཐུད་ཀྱི་སྒོ་ནས་གནས་པ་རེད། མཚམས་རེ་འབྲེལ་ལམ་དེ་གྲོགས་པོ་ལྟ་བུའི་ཉེ་བོ་ཆགས་ཡོད་པ་དང༌། སྐབས་འགར་འཁྱགས་པ་ལྟ་བུར་བརྒྱབས་ནས་མི་མང་པོ་ཞིག་གིས་དེ་གཉིས་མཉམ་གནས་ཐུབ་ཐབས་མེད་པ་ཞིག་ལ་བལྟས་ཡོད། ད་ཆ་དུས་རབས་ཉེར་གཅིག་པའི་བཅུ་ཕྲག་དང་པོའ་ིནང་ཚན་རིག་དང་སེམས་དོན་རིག་པ་གཉིས་སྔར་ནམ་ཡང་བྱུང་མ་མྱོང་བའི་འབྲེལ་ལམ་ཉེ་རུ་འགྲོ་རྒྱུའི་ནུས་པ་དང༌། ང་ཚོའི་མདུན་དུ་ཡོད་པའི་དཀའ་གནད་རྣམས་གདོང་ལེན་བྱེད་པར་འགྲོ་བ་མིར་ཕན་གྲོགས་བྱེད་པའི་ནུས་པ་ཁྱབ་ཆེ་ཡོད་པའི་མཉམ་བརྩོན་གྱི་ལས་ལ་ཞུགས་པའི་ནུས་པ་ཡོད། འདིར་ང་ཚོ་ཚང་མ་མཉམ་དུ་ཡོད། འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་མི་རེ་ངོ་རེས་བཟང་སྤྱོད་ཀྱི་འགན་དེ་འཁྱེར་བའི་ཐོག་ནས་མཉམ་ལས་འདི་བསྒྲུབ་ཐུབ་པ་བྱེད་དགོས། འདི་ནི་ངའི་སེམས་གཏིང་གི་རེ་སྐུལ་ཞིག་ཡིན།། རྡུལ་སྙེད་འཇིག་རྟེན་ལས་དྲངས།

རིན་གོང་། Rs: 200/-

Post a Comment

Previous Post Next Post