དབྱིན་ཇིའི་ཉམས་ཞིབ་པ་ཁག་ཅིག་གི་རྙེད་དོན་ལྟར་ན་དུ་བ་འཐེན་ཐལ་ཆེ་ན་ལུས་ཀྱི་རིགས་རྫས་འགའ་ཞིག་སྐྱོན་ཅན་དུ་འགྱུར་བ་མ་ཟད་རིགས་རྫས་དེ་རིགས་རང་གི་ཕྲུ་གུར་བརྒྱུད་གཏོང་ཐོག་ཁོང་ཚོའི་ནང་སྐྲན་ནད་ཀྱི་ནད་གཞི་ཕོག་སྲིད་པའི་ཉེན་ཁ་ཆེ་རུ་གཏོང་བ་བཤད་ཡོད།

བི་རི་ཕོར་ཌ་ Bradford གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཚོས་དུ་བ་འཐེན་ཐལ་ཆེ་ན་དེས་རིགས་རྫས་སྐྱོན་ཅན་དུ་སྒྱུར་བ་དང་། རྗེས་སོར་སྐྱོན་ཅན་དུ་གྱུར་བའི་རིགས་རྫས་དེ་དག་རང་གི་ཕྲུ་གུར་བརྒྱུད་གཏོང་གིས་ཕྲུ་གུ་ཚོའི་མི་ཚེའི་ནང་སྐྲན་ནད་ཀྱི་ནད་གཞི་ཕོག་སྲིད་པའི་ཉེན་ཁ་ཆེ་རུ་གཏོང་བ་དང་། ལྷག་པར་དུ་ཁྲག་སྐྲན་རིགས་ཕོག་སྲིད་པའི་ཉེན་ཁ་ཆེ་ལུགས་བཤད་ཡོད། ཉམས་ཞིབ་རུ་ཁག་དེའི་ཚོགས་མི་ཌ་ཡི་ན་ཨན་ཌར་སན་གྱིས་བཤད་དོན། སྐྱེས་ཕོའིི་སྒོང་འབྲས་ནང་ཁམས་དཀར་ཞིག་འཚར་ལོངས་ཆ་ཚང་ཡོང་བར་ཟླ་བ་གསུམ་ཙམ་འགོར་གྱི་ཡོད་སྟབས་མངལ་མ་ཆགས་པའི་ཟླ་བ་གསུམ་གྱི་སྔོན་ནས་དུ་བ་འཐེན་པའི་གོམས་གཤིས་མཚམས་འཇོག་བྱེད་དགོས་ཅེས་བཤད་ཡོད།

ཡང་གྷ་ལ་ས་གོ་ Glasgow གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་པ་ཚོས་ཉིན་རེར་ཇ་ཕོར་བ་དྲུག་ལས་མང་བ་འཐུང་མཁན་གྱི་སྐྱེས་ཕོ་ཚོར་སྒོང་འབྲས་ཀྱི་སྐྲན་ནད་ཕོག་སྲིད་པའི་ཉེན་ཁ་བརྒྱ་ཆ་ལྔ་བཅུས་ཆེ་ལུགས་བཤད་ཡོད། དེ་ཡང་ཁོང་ཚོས་ལོ་ངོ་བཞི་བཅུའི་རིང་སྐྱེས་པ་དྲུག་སྟོང་གི་འཕྲོད་བསྟེན་རྗེས་འདེད་བྱས་ནས་ཤེས་རྟོགས་བྱུང་བ་ཡིན་ལུགས་བཤད་ཡོད།

Post a Comment

Previous Post Next Post