མེ་རི་ཁུ་རི་ནི་ད་བར་བྱུང་བའི་བུད་མེད་ཚན་རིག་པ་སྙན་གྲགས་ཆེ་ཤོས་ཙམ་མ་ཟད་དངོས་ཁམས་དང་རྫས་སྦྱོར་གཉིས་ཀའི་ནང་ནོ་བེལ་གཟེངས་རྟགས་ཐོབ་མཁན་གྱི་ཚན་རིག་པ་གཅིག་པུ་དེ་ཡིན། ཁོང་སྤྱི་ལོ་༡༨༦༧ ལོར་ད་ལྟའི་པོ་ལན་ཌ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཝར་སོ་ཞེས་པའི་ས་གནས་སུ་འཁྲུངས་པ་དང་། སྐབས་དེར་རྒྱལ་ཁབ་འདི་བཞིན་ཨུ་རུ་སུའི་དབང་འཛིན་འོག་ཚུད་ཡོད་པ་ཞིག་ཡིན། ཆུང་དུས་ནས་རིག་པ་བཟང་བ་དང་གཞི་རིམ་སློབ་འཐོན་སྐབས་གསེར་གྱི་རྟགས་མ་ཐོབ་མྱོང་ལ། སློབ་སྦྱོང་ལ་དོ་སྣང་ཤིན་ཏུ་ཆེན་པོ་ཡོད།

སྤྱི་ལོ་ ༡༨༩༡ ལོར་ཕ་རན་སའི་རྒྱལ་ས་པེ་རི་སར་གནས་སྤོས་ཀྱིས་དེར་ཡོད་ཚན་རིག་པ་མང་པོའི་སར་ནས་སློབ་ཁྲིད་ཉན་འགོ་ཚུགས་པ་དང་བར་གསེང་ནམ་བྱུང་རང་སྦྱོང་བྱས་ནས་སྡོད་ཀྱི་ཡོད། རྗེས་ཀྱི་ལོ་ཤས་ནང་བཟས་སུ་ཇ་དང་བག་ལེབ་ཙམ་ལ་བསྟེན་ནས་སློབ་སྦྱོང་ཁོ་ནས་དུས་འདའ་བར་བྱས་ལ་གྲུབ་འབྲས་ཀྱང་ཤིན་ཏུ་ལེགས་པོ་ཐོབ་པ་རེད། མི་རིང་བར་ལེབ་མན་གྱི་བརྟག་དཔྱད་ཁང་དུ་ལས་ཀ་བྱེད་འགོ་བཙུག་པ་དང་སྤྱི་ལོ་ ༡༨༩༤ ལོའི་དཔྱིད་དུས་སུ་མོའི་མི་ཚེའི་ནང་གི་མི་སྣ་གཙོ་བོ་པེ་རི་ཁུ་རི་དང་ཐུག་འཕྲད་བྱུང་། པེ་རི་ནི་ས་གནས་དེར་འཚར་ལོངས་བྱུང་བ་ཞིག་དང་སློབ་དཔོན་ལག་ཁྱེར་ཆེད་ཉམས་ཞིབ་བྱེད་བཞིན་པའི་སློབ་མ་ཞིག་ཡིན།

ལོ་རྗེས་མའི་ཟླ་༧ ཚེས་༢༥ ཉིན་ཁོང་གཉིས་གཉེན་སྒྲིག་བྱས་པ་དང་དེ་ནས་བཟུང་གལ་ཆེའི་ལས་གཞི་མང་དག་ཅིག་ཁོང་གཉིས་ཟུང་འབྲེལ་གྱི་ཐོག་ནས་ལག་བསྟར་ཐུབ་པ་བྱུང་ཡོད་ལ། འཛམ་གླིང་ཐོག་སྙན་གྲགས་ཅན་གྱི་གསར་རྙེད་མང་པོ་བྱུང་ཡོད། སྤྱི་ལོ་༡༨༩༨ ལོའི་དབྱར་དུས་སུ་ཁོང་གཉིས་ལ་རྩ་རྫས་གསར་པ་ཞིག་རྙེད་སོན་བྱུང་བ་དེར་ཁོ་མོས་རང་གི་རྒྱལ་ཁབ་ལ་ཆེ་བསྟོད་ཀྱི་ཚུལ་དུ་པོ་ལོ་ནི་ཡམ་ཞེས་མིང་གཏགས། དེ་རྗེས་ཟླ་ཤས་རྗེས་སླར་ཡང་ད་ལྟ་ར་ཌེ་ཡམ་འབོད་བཞིན་པའི་རྩ་རྫས་དེ་གསར་རྙེད་བྱུང་བ་རེད།

སྐབས་དེའི་ལོ་ཤས་སྔོན་ཚན་རིག་པ་གཞན་ཞིག་གིས་ཡུ་ར་ནི་ཡམ་རྩ་རྫས་དང་འབྲེལ་བའི་ཡ་མཚན་ཅན་གྱི་ཁྱད་ཆོས་ཤིག་རྙེད་སོན་བྱུང་ཡོད་ཀྱང་རྒྱུ་མཚན་གང་ཡིན་དང་དེའི་བྱེད་ལས་སོགས་ཤེས་རྟོགས་བྱུང་མེད། དེར་བརྟེན་དེ་ལྟ་བུའི་ཁྱད་ཆོས་དེ་རྩ་རྫས་གཞན་ལ་ཡོད་མིན་དང་དེའི་རང་བཞིན་ཇི་ཡིན་འཚོལ་ཞིབ་ཐད་མེ་རི་ལགས་ནས་ཉམས་ཞིབ་བྱེད་རྒྱུའི་ཐག་གཅོད་བྱས་པས། ཉམས་ཞིབ་ཁྲོད་དེ་ལྟ་བུའི་ཁྱད་ཆོས་དེ་ཐོ་ར་ཡམ་ཞེས་པའི་རྩ་རྫས་ལ་ཡང་ཡོད་པ་རྙེད་སོན་བྱུང་བ་དང་རྗེས་སུ་ཁྱད་ཆོས་དེར་འགྱེད་འཕྲོའི་རང་བཞིན་ཞེས་མིང་བཏགས། འདི་ལྟ་བུའི་བྱས་རྗེས་ལ་རོ་ཡལ་ཚོགས་པའི་ཌེ་ཝི་གཟེངས་རྟགས་ཞེས་པ་དང་རྗེས་སུ་རྩ་རྫས་འདི་གཉིས་གསར་དུ་རྙེད་པའི་ཆེ་བསྟོད་དང་ལྷག་པར་དུ་འགྱེད་འཕྲོའི་རང་བཞིན་གསར་རྙེད་བྱུང་བ་དེར་དངོས་ཁམས་ཚན་རིག་གི་ནོ་བེལ་གཟེངས་རྟགས་ཀྱང་ཐོབ་ཡོད།
མེ་རི་ལ་ཕྲུ་གུ་བུ་མོ་གཉིས་བྱུང་བ་ལས་གཅིག་གི་མིང་ལ་ཨ་ཡི་རེ་ནེ་དང་། གཞན་དེའི་མིང་ལ་ཨེ་བེ་ཟེར་གྱི་ཡོད། འོན་ཀྱང་ཕྲུ་གུའི་ཨ་མར་གྱུར་བ་དེས་མོའི་ཚན་རིག་གི་ལས་དོན་ལ་དོ་ཕོག་གང་ཡང་བྱུང་མེད། སྤྱི་ལོ་ ༡༩༠༠ ལོར་བུ་མོའི་མཐོ་སློབ་ཅིག་གི་སློབ་དཔོན་དུ་བསྐོ་བཞག་བྱུང་བ་དང་རྗེས་སུ་སྤྱི་ལོ་ ༡༩༠༤ ལོར་པེ་རེ་ཁུ་རི་ཡི་གཙོ་སྐྱོང་འོག་ཡོད་པའི་བརྟག་དཔྱད་ཁང་དེའི་འགན་འཛིན་གཞོན་པར་བཀོ་བཞག་བྱུང་བ་སོགས་གོ་རིམ་གྱི་སྐས་འཛེགས་རིམ་བཞིན་འཛེགས་ཐུབ་ཡོད།


མི་རིང་བར་རྐྱེན་ངན་ཞིག་དང་གདོང་ལེན་བྱེད་དགོས་བྱུང་བ་སྟེ། སྤྱི་ལོ་༡༩༠༦ཟླ་༤ཚེས་༡༩ ཉིན་ཁོང་གི་བཟའ་ཟླ་པེ་རེ་ལགས་གློ་བུར་དུ་ཚེ་ལས་འདས་པ་དང། དེ་ནས་བཟུང་ད་བར་བཟའ་མི་མཉམ་འབྲེལ་གྱིས་སྐྱོང་བཞིན་པའི་ལས་གཞི་མཐའ་དག་མོ་རང་རྐྱང་པས་སྣེ་འཁྲིད་བྱེད་དགོས་བྱུང་བ་དང་ཕྱི་ནང་གི་ལས་དོན་ཐ་དག་མོའི་ཐོག་ཏུ་བབས་པ་རེད། འོན་ཀྱང་མོས་སྨྱུག་རིང་བའི་འབད་བརྩོན་རྒྱུན་སྐྱོང་བྱས་པར་བརྟེན་ཤེས་ཡོན་དང་འབྲེལ་བའི་ལས་དོན་མཐའ་དག་ལམ་ལྷོང་དང་གྲུབ་འབྲས་ཚད་མཐོར་བྱུང་ཡོད། སྤྱི་ལོ་ ༡༩༡༠ ལོར་མོས་འགྱེད་འཕྲོའི་རང་བཞིན་གྱི་གཞི་རྩའི་གནད་དོན་ཞེས་པ་རྩོམ་ཤོག་པར་འགྲེམས་བྱས་པ་དང་སྤྱི་ལོ་༡༩༡༡ ལོར་ར་ཌ་ཡམ་སྤུས་གཙང་ཟུར་འདོན་ཐུབ་པའི་བྱས་རྗེས་སུ་རྫས་སྦྱོར་རིག་པའི་ནོ་བེལ་གཟེངས་རྟགས་འབུལ་བཞེས་བྱུང་བ་རེད།

འཛམ་གླིང་དམག་ཆེན་དང་པོའི་རིང་རང་གི་བུ་མོ་ཨ་ཡི་རེ་ནེའི་ལག་རོགས་ལ་བསྟེན་ནས་ X འགྱེད་འཕྲོ་པར་ལེན་དཔྱད་ཐབས་ཡར་རྒྱས་ཆེད་དུས་ཚོད་ཕལ་ཆེ་བ་བཏང་བ་མ་ཟད། གཡུལ་སར་དངོས་སུ་ཕྱིན་ནས་རྨས་སྐྱོན་ཤོར་བའི་དམག་མི་ཚོར་སྨན་བཅོས་བྱས་པ་དང་སྐབས་དེར་མོས་འཛུགས་སྐྲུན་བྱས་པའི་སྨན་བཅོས་རུ་ཁག་ཉིས་བརྒྱ་ཙམ་ཡོད་པ་དེས་ཁྱོན་དམག་མི་ས་ཡ་གཅིག་ཙམ་ལ་སྨན་བཅོས་ཀྱི་རོགས་སྐྱོར་བྱས་ཡོད།
ཚེ་མཇུག་ཏུ་རྒྱུན་རིང་ཁྲག་གི་སྐྲན་ནད་ཀྱིས་མནར་ཏེ་མཐར་སྤྱི་ལོ་༡༩༣༤ ལོའི་ཟླ་༧ ཚེས ༤ ཉིན་ཚེ་ལས་འདས་པ་རེད། མོའི་མི་ཚེ་ཕལ་ཆེ་བའི་ནང་འགྱེད་འཕྲོའི་རང་བཞིན་ཅན་གྱི་རྫས་རིགས་ཐོག་ལས་ཀ་བྱས་པས་ནད་གཞི་དེ་ལྟར་ཕོག་པ་དང་། སྐབས་དེར་འགྱེད་འཕྲོའི་ཁྱད་ཆོས་གསར་རྙེད་བྱུང་མ་ཐག་ཡིན་པས་འཕྲོད་བསྟེན་ལ་དོ་ཕོག་ཇི་འབྱུང་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པས་སྲུང་སྐྱོབ་ཀྱི་ཆས་གོས་གང་ཡང་སྤྱོད་ཀྱི་མེད། ད་ཆ་འགྱེད་འཕྲོའི་ཟེར་གྱིས་སྲོག་ཆགས་ཀྱི་ཕྲ་ཕུང་གཏོར་བཅོམ་བྱེད་པ་དང་མཐར་སྐྲན་གྱི་ནད་གཞི་སྐྲུན་པ་ཤེས་ཀྱི་ཡོད་པས་བརྟག་དཔྱད་ཁང་ནང་སྲུང་སྐྱོབ་ཀྱི་ཆས་གོས་མེད་པར་བརྟག་དཔྱད་བྱེད་ཀྱི་མེད། མོ་རང་འཚོ་ཡུན་རིང་བེད་སྤྱོད་བྱེད་མྱོང་བའི་འབྲི་དེབ་དང་ཅ་དངོས་མཐའ་དག་འགྱེད་འཕྲོའི་ཟེར་གྱི་འབག་པ་ཤ་སྟག་དང་མི་ལོ་མང་པོའི་རིང་འགྱེད་འཕྲོའི་ནུས་པ་མི་ཡལ་སྟབས་ད་ཆ་ཡང་མོའི་ཅ་དངོས་རྣམས་སྲུང་སྐྱོབ་ཀྱི་ཆས་གོས་མེད་པར་གང་བྱུང་ལག་པ་འཆང་གི་མེད་ལ་དེ་དག་ཞྭ་ཉེ་ལས་གྲུབ་པའི་སྒམ་གྱི་ནང་དུ་ཉར་ཚགས་བྱས་ཡོད།

ཁོང་ནི་ལོ་རྒྱུས་ཐོག་བུད་མེད་ཚན་རིག་པ་སྙན་གྲགས་ཆེ་ཤོས་ཙམ་མ་ཟད་དངོས་ཁམས་ཚན་རིག་དང་རྫས་སྦྱོར་རིག་པ་ལྟ་བུ་སློབ་གཞི་མི་འདྲ་བ་གཉིས་ཀྱི་ནང་ནོ་བེལ་གཟེངས་རྟགས་ཐོབ་མཁན་གྱི་མི་སྣ་གཅིག་པུ་དེ་ཆགས་ཡོད། ད་ལྟའི་ཆར་མོ་རང་ལ་གུས་བཀུར་དང་དྲན་གསོའི་ཆེད་འཛམ་གླིང་ས་ཕྱོགས་གང་སར་མོའི་མིང་ཐོག་ཏུ་ཚོགས་པ་དང་སློབ་གྲྭ་སོགས་ཤིན་ཏུ་མང་པོ་ཡོད་པ་དང་། ལྷག་པར་དུ་ཕ་རན་སི་དང་པོ་ལེན་ཌ་རྒྱལ་ཁབ་གཉིས་ཁོ་ནའི་ནང་གཙུག་ལག་སློབ་གྲྭ་དང་བརྟག་དཔྱད་ཁང། དེ་བཞིན་འགྲེམས་སྟོན་ཁང་སོགས་བཅུ་ཕྲག་འགའ་ཞིག་ཁོ་མོའི་དྲན་གསོ་ཆེད་གསར་འཛུགས་བྱས་ཡོད། དེ་བཞིན་རྒྱལ་ཁབ་ཀྱི་དངུལ་ལོར་དང་སྦྲག་འཛིན་སོགས་ཀྱི་ཐོག་མོའི་འདྲ་དཔར་གསལ་ཡོད་པ་བཅས་སོ།

Post a Comment

Previous Post Next Post