སྤེལ་མཁན། : tsenrig 7/31/2013


ཁོང་ནི་སྤྱི་ལོ་༡༨༧༡ ཟླ་ལོ་ནིའུ་ཛི་ལན་ཌ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་གླིང་ཕྲན་ཞིག་ཏུ་སྐྱེས་པ་དང་། ཕ་མིང་ལ་ཇེམ་སི་རུ་ཐར་ཕོར་ཌ་ཟེར་བ་དང་མ་མིང་ལ་མར་ཐ་རུ་ཐར་ཕོར་ཌ་ཟེར་གྱི་ཡོད། ཁོང་གི་ཕ་མར་ཕྲུ་གུ་བཅུ་གཉིས་བྱུང་བ་ལས་བཞི་པ་དེ་རུ་ཐར་ཕོར་ཌ་ཁོང་ཡིན། ཕ་མ་གཉིས་དབྱིན་ཡུལ་ནས་གནས་སྤོ་བྱས་པའི་སྐུ་དྲག་རིགས་ཡིན་ཡང་ཕྲུ་གུ་ཚོར་སློབ་གཉེར་དང་འཚར་ལོངས་རྒྱུན་ལྡན་ལྟར་ཡོང་ཆེད་སྐུ་དྲག་གི་ལོངས་སྤྱོད་དང་ཐོབ་ཐང་ལས་རིང་དུ་སྡོད་ཐབས་བྱས་ཡོད།

རང་ལོ་ཉེར་བཞིའི་སྐབས་ཕྱིར་དབྱིན་ཡུལ་དུ་ཕེབས་ནས་སྐབས་དེའི་སྙན་གྲགས་ཅན་གྱི་ཚན་རིག་གི་མི་སྣ་སྐུ་ཞབས་ཇེ་ཇེ་ཐོམ་སོན་གྱི་ལམ་སྟོན་འོག་ཕྱག་ལས་གནང་འགོ་བཙུགས་པ་དང་། དེར་ལས་དོན་སྤུས་ཚད་ལྡན་པ་བྱུང་བས་ལས་རོགས་ཚོ་དང་ཐོམ་སོན་བཅས་ནས་མངགས་བརྗོད་དང་ལེགས་གསོ་མཛད་ཡོད།

ཚན་རིག་འཕེལ་རྒྱས་ཐད་བྱས་རྗེས་ཆེ་བའི་རྒྱུ་མཚན་ལ་བརྟེན་ནས་ཡོངས་གྲགས་ཐོག་ཁོང་ལ་ལྟེ་རྡུལ་དངོས་རིག་གི་ཡབ་ཆེན་དམ་པའམ་སྲོལ་གཏོད་གནང་མཁན་གྱི་མཚན་གནས་སྤྲོད་ཀྱི་ཡོད། ཉམས་ཞིབ་ཀྱི་ལམ་ནས་འགྱེད་འཕྲོའི་ཚེ་ཕྱེད་(Radioactive halflife) ཅེས་པའི་གོ་དོན་གསར་གཏོད་གནང་བ་དང་འགྱེད་འཕྲོའི་ཚེ་ཕྱེད་ཅེས་པ་ནི་འགྱེད་འཕྲོའི་རང་བཞིན་ཅན་གྱི་དངོས་རྫས་ཤིག་གིས་འགྱེད་འཕྲོའི་ནུས་པའམ་འགྱེད་འཕྲོ་བྱེད་པའི་གྱེས་རྡུལ་དེ་དག་བརྒྱ་ཆ་ལྔ་བཅུ་ཟད་འགྱུར་འབྱུང་བར་དུས་ཚོད་ཇི་ཙམ་འགོར་མིན་གྱི་དོན་ཡིན། འགྱེད་འཕྲོ་བྱེད་པའི་དངོས་རིགས་ཤིན་ཏུ་མང་ནའང་དེ་དག་གི་ཟད་འགྱུར་བྱེད་པའི་ཚད་མི་འདྲ་བས་འགྱེད་འཕྲོའི་ཚེ་ཕྱེད་ཀྱི་དུས་ཡུན་མི་འདྲ་བ་ཡོང་གི་ཡོད། དེ་བཞིན་དུ་འགྱེད་འཕྲོའི་སྐབས་རྩ་རྫས་བྱེ་བྲག་ཅིག་རྩ་རྫས་གཞན་དུ་འགྱུར་བ་རྙེད་པ་དང་འགྱེད་འཕྲོ་བྱེད་པའི་གྱེས་རྡུལ་ལ་རིགས་གཉིས་ཡོད་པ་ཤེས་རྟོགས་བྱུང་བ་དེར་རྗེས་སོར་ཨལ་ཕ་དང་བི་ཊ་ཞེས་མིང་བཏགས། བྱས་རྗེས་འདི་ལ་བརྟེན་ནས་སྤྱི་ལོ་༡༩༠༨ ལོར་ཁོང་ལ་ནོ་བེལ་རྫས་སྦྱོར་རིག་པའི་གཟེངས་རྟགས་ཕུལ་ཡོད། ནོ་བེལ་ཚོགས་ཆུང་ནས་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་ནང་། “རྩ་རྫས་ཟད་འགྱུར་དང་འགྱེད་འཕྲོའི་རང་བཞིན་ཅན་གྱི་དངོས་པོའི་རྫས་སྦྱོར་གྱི་བྱེད་ལས་ཐད་ཁོང་གིས་ཉམས་ཞིབ་གནང་བ་དེའི་ཆེད་དུ་ཡིན།” ཞེས་བཀོད་ཡོད། དེ་རྗེས་ཁོང་དང་ཚན་རིག་པ་གཞན་ཞིག་ལྷན་དུ་ཨལ་ཕ་རྡུལ་དེ་དག་ཧི་ལིམ་རྩ་རྫས་ཀྱི་གྱེས་རྡུལ་ཡིན་པ་ཤེས་ཡོད།

དེ་ལྟར་ཡང་ཁོང་གི་མི་ཚེའི་ནང་ཚན་རིག་གི་བྱས་རྗེས་སྙན་གྲགས་ཆེ་ཤོས་དེ་ནོ་བེལ་གཟེངས་རྟགས་ཐོབ་པའི་རྗེས་སུ་བྱུང་བ་རེད། སྤྱི་ལོ་ ༡༩༡༡ ལོར་ཁོང་གིས་གསར་གཏོད་གནང་བའི་སྙན་གྲགས་ཅན་གྱི་བརྟག་དཔྱད་ “གསེར་ཤོག་གི་བརྟག་དཔྱད།” ཅེས་པ་དེ་ལ་བརྟེན་ནས་རྡུལ་ཕྲན་གྱི་དཔེ་གཟུགས་གསར་པ་ཞིག་སྲོལ་གཏོད་བྱས་ཡོད་ལ་དེ་སྔོན་ཁོང་གི་དགེ་རྒན་ཇེ་ཇེ་ཐོམ་སོན་ལགས་ནས་གློག་རྡུལ་རྙེད་སོན་སྐབས་གསར་གཏོད་བྱས་པའི་རྡུལ་ཕྲན་གྱི་དཔེ་གཟུགས་ལ་རྩ་བ་ནས་བསྒྱུར་བཅོས་གནང་ཡོད། དེ་སྔོན་ཇེ་ཇེ་ཐོམ་སོན་ལགས་ནས་གློག་རྡུལ་རྙེད་སོན་བྱུང་རྗེས་ཚན་རིག་པ་ཚོས་རྡུལ་ཕྲན་དེ་བཞིན་ཕོ་རྡུལ་གྱི་བརྒྱ་མཚོ་ལྟ་བུ་ཞིག་གི་ནང་དུ་གློག་རྡུལ་རྣམས་ངེས་མེད་གང་སར་གྲམ་ནས་བསྡད་པ་ཞིག་ཏུ་འདོད་ཀྱི་ཡོད།

འོན་ཀྱང་རུ་ཐར་ཕོར་ཌ་གྱིས་གསེར་ཤོག་གི་བརྟག་དཔྱད་རྗེས་རྡུལ་ཕྲན་ཞེས་པ་ཕོ་ཁུར་མོ་ཁུར་རྣམས་ངེས་མེད་གང་སར་གྲམ་པ་ཞིག་མ་ཡིན་པར་ཁུར་ཕལ་ཆེ་བ་རྡུལ་ཕྲན་གྱི་དབུས་སུ་གོང་བུ་གཅིག་ཏུ་ཚོགས་ནས་གནས་པའི་དཔེ་གཟུགས་གསར་གཏོད་བྱས་ཡོད། ཁུར་དང་གདོས་ཚད་ཕལ་ཆེ་བ་ཚོགས་པའི་གོང་བུ་དེར་རྡུལ་ཕྲན་གྱི་ལྟེ་རྡུལ་ཞེས་བཏགས་པ་དང་དེ་ནས་བཟུང་ལྟེ་རྡུལ་ཅན་གྱི་རྡུལ་ཕྲན་གྱི་དཔེ་གཞི་དར་བ་རེད། དེར་བརྟེན་ཁོ་རང་ལ་ལྟེ་རྡུལ་གསར་རྙེད་བྱུང་མཁན་དུ་ངོས་འཛིན་བྱེད་ཀྱི་ཡོད།

སྤྱི་ལོ་ ༡༩༡༩ ལོར་ཁེམ་བི་རི་ཇ་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་ཁེ་ཝེན་ཌི་ཤི་བརྟག་དཔྱད་ཁང་གི་འགན་འཛིན་དུ་བཀོ་བཤག་བྱུང་བ་དང་། རྗེས་སོར་ཁོང་གི་ལམ་སྟོན་འོག་ཚན་རིག་པ་ཇེམ་སི་ཆ་ཌ་ཝིག་ཞུ་བ་དེས་སྤྱི་ལོ་ ༡༩༣༢ ལོར་མ་ནིང་རྡུལ་གསར་རྙེད་བྱུང་ཡོད། མདོར་ན་ཁོང་གི་དགེ་རྒན་ཇེ་ཇེ་ཐོམ་སོན་གྱིས་གློག་རྡུལ་རྙེད་པ་དང་། རང་ཉིད་ཀྱིས་ལྟེ་རྡུལ་རྙེད་པ། སློབ་མ་ཆ་ཌ་ཝིག་གིས་མ་ནིང་རྡུལ་རྙེད་པ་སོགས་ཚན་རིག་ནང་ཁོང་ཉིད་བྱས་རྗེས་ཆེ་བ་མ་ཟད་བྱས་རྗེས་ཆེ་བའི་མི་སྣ་གཞན་མང་པོ་དང་འབྲེལ་ཡོད་ཆགས་ཡོད།

སྤྱི་ལོ་ ༡༩༣༧ ཟླ་ ༡༠ ཚེས་ ༡༩ ཉིན་ཚེ་ལས་འདས་པ་དང་ཕུང་པོ་དེ་བཞིན་ད་བར་དབྱིན་ཡུལ་གྱི་ཚན་རིག་པ་སྙན་གྲགས་ཆེ་ཤོས་ནིའུ་ཊོན་གྱི་དུར་སའི་ཉེ་འགྲམ་དུ་སྦས་པ་རེད།

སྤྱི་ལོ་ ༡༩༩༧ ལོར་རྩ་རྫས་ཨང་བརྒྱ་དང་བཅུ་མེད་བཞི་པ་དེ་ཁོང་ལ་གུས་བཀུར་མཚོན་ཆེད་ཁོང་གི་མིང་ལས་དྲངས་ཏེ་རུ་ཐེར་ཕོར་ཌིམ་ཞེས་མིང་བཏགས།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།