༡༽ གཤམ་འདིར་ང་ཚོར་རྒྱུས་མངའ་ཡོད་པའི་པར་རིས་གཉིས་ཡོད་པ་ལས་གཅིག་ནི་བྱིའུ་དང་གཞན་དེ་བྱིའུ་སོགས་ཉར་ཚགས་བྱེད་པའི་ལྕགས་དྲྭ་ཞིག་ཡིན། ཁྱེད་ཀྱིས་མཐོང་ཐུབ་པ་ལྟར་སྐབས་འདིར་བྱིའུ་དང་ལྕགས་དྲྭ་གཉིས་ཐ་དད་དུ་ཡོད་པས་བྱིའུ་དེ་ལྕགས་དྲྭའི་ནང་དུ་མེད་ལ་ལྕགས་དྲྭ་དེར་བལྟ་སྐབས་དེའི་ནང་སྟོང་པ་ལས་བྱིའུ་པར་རིས་ཤིག་མཐོང་རྒྱུ་མེད།

༢༽ ཐོག་མར་གཡོན་གྱི་པར་རིས་ནང་གསལ་བའི་བྱིའུའི་གཟུགས་བརྙན་དེར་མིག་གཡེང་མེད་པར་སྐར་མ་གཅིག་རིང་མིག་གཏོད་ནས་སྡོད་དགོས།
༣༽ དེ་རྗེས་དེའི་ཕར་ཕྱོགས་སུ་ཡོད་པའི་ལྕགས་དྲྭ་དེར་བལྟས་ནས་དོ་སྣང་བྱོས།



གང་མཐོང་སོང་ངམ།

ཕལ་ཆེར་ལྕགས་དྲྭའི་ནང་དུ་བྱིའུའི་པར་རིས་ཤིག་མཐོང་ཡོད་ངེས་རེད།
༤༽ སྔར་སྟོང་སངས་ཡིན་པའི་ལྕགས་དྲྭ་དེའི་ནང་བྱིའུའི་པར་རིས་ཤིག་གང་ནས་བྱུང་ངམ། དེ་ལྟར་མཐོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། འཁྲུལ་བ་ཨེ་ཡིན། འཁྲུལ་ན་འཁྲུལ་གཞི་ཡུལ་ལ་ཡོད་དམ་ཡང་ན་ཡུལ་ཅན་ལ་ཡོད། ཡུལ་ཅན་ལ་ཡོད་ཚེ་མིག་འཁྲུལ་ལམ་ཡང་ན་ཀླད་པ་འཁྲུལ། དེ་གཉིས་གང་རུང་མ་ཡིན་པའི་སེམས་ཞེས་པ་ཞིག་ཡོད་པ་དང་དེ་འཁྲུལ་བ་ཨེ་ཡིན། གང་ལྟར་ཡང་མི་སོ་སོའི་ལྟ་གྲུབ་དང་རིག་པའི་རྒྱབ་ལྗོངས་ལ་གཞིག་པའི་ལན་རེ་ཡོད་རྒྱུ་ཡང་དེ་ལྟའི་ལན་གང་ཡིན་ལ་མ་ལྟོས་པར་ཚན་རིག་གི་ལན་ནི་ང་ཚོའི་མིག་རིལ་གྱི་རྒྱབ་ངོས་སུ་ཡོད་པའི་གནས་དེར་མིག་གི་དྲ་སྐྱི་ཟེར་བ་དང་། དྲ་སྐྱི་དེའི་སྟེང་དམིགས་བསལ་གྱི་ཕྲ་ཕུང་རིགས་གཉིས་ཡོད་པ་དེ་ལ་འོད་ལེན་ཕྲ་ཕུང་ཟེར་གྱི་ཡོད། དེ་དག་ལས་རིགས་གཅིག་འོད་ནང་ཡོད་པའི་ཁ་དོག་གི་གནས་ཚུལ་བསྡུ་ལེན་བྱེད་པ་དང་དེར་དབྱུག་དབྱིབས་ཕྲ་ཕུང་ཟེར། དེ་ལྟར་འབོད་དོན་ཡང་ཕྲ་ཕུང་དེ་གློག་རྡུལ་ཆེ་ཤེལ་འོག་བལྟ་སྐབས་དབྱིབས་དབྱུགས་པ་ལྟར་ནར་མོ་གྲུ་བཞི་ཅན་དུ་མངོན་པས་དེ་ལྟར་གཏགས་པ་ཡིན། ཕྲ་ཕུང་རིགས་གཞན་དེར་སྙུང་དབྱིབས་ཕྲ་ཕུང་ཟེར་བ་དེ་ཡང་རང་གི་དབྱིབས་ལ་བསྟེན་ནས་མིང་དེ་ལྟར་ཐོབ་པ་དང་བྱེད་ལས་གཙོ་བོ་ནི་དངོས་པོའི་དབྱིབས་དང་བཟོ་བཀོད་ཀྱི་གནས་ཚུལ་བསྡུ་ལེན་བྱས་ཏེ་ཀླད་པར་གཏོང་གི་ཡོད། དབྱུག་དབྱིབས་ཕྲ་ཕུང་ལ་ནང་གསེས་རིགས་གསུམ་ཡོད་པས་དེ་དག་རེ་རེས་འོད་ཀྱི་རྩ་བའི་ཁ་དོག་དམར་པོ་དང་། ལྗང་ཁུ། སྔོན་པོ་བཅས་རེ་རེའི་གནས་ཚུལ་ཚོར་བ་དང་བསྡུ་ལེན་བྱེད་ཐུབ། དེར་བརྟེན་བརྟག་དཔྱད་འདིའི་ནང་ཐོག་མར་ཁ་དོག་དམར་པོ་ཅན་གྱི་བྱིའུའི་པར་རིས་དེར་མིག་ཀེར་ནས་བལྟ་སྐབས་མིག་གི་དྲ་སྤྱིའི་ཐོག་ཕོག་པའི་འོད་ནི་ཁ་དོག་དམར་པོ་ཁོ་ན་ཡིན་སྟབས་སྐབས་དེར་དབྱུགས་དབྱིབས་ཕྲ་ཕུང་རིགས་གསུམ་པོ་ལས་ཁ་དོག་དམར་པོ་འཛིན་པའི་ཕྲ་ཕུང་ཁོ་ནར་སྐུལ་རྐྱེན་ཐེབས་པ་དང་གནས་ཚུལ་གཏོང་ལེན་གྱི་བྱ་བ་བྱེད་པ་ལས་ཁ་དོག་ལྗང་ཁུ་དང་སྔོན་པོ་བསྡུ་ལེན་བྱེད་པའི་ཕྲ་ཕུང་དེ་རིགས་ལས་མེད་ལྷག་ཡོད། རྗེས་སོར་སྐར་མ་གཅིག་སོང་མཚམས་སྟོང་སངས་ཅན་གྱི་ལྕགས་དྲྭ་དེར་བལྟ་སྐབས་ལྕགས་དྲྭའི་ནང་གི་ཤོག་ངོས་དཀར་པོ་དེ་ལས་གོང་འཁོད་ཁ་དོག་གསུམ་ལྡན་གྱི་འོད་དཀར་པོ་མིག་གི་ནང་འཕོ་བ་དང་སྐབས་དེར་དབྱུགས་དབྱིབས་ཕྲ་ཕུང་རིགས་གསུམ་གར་སྐུལ་སློང་བྱེད་ཀྱི་ཡོད། འོན་ཀྱང་ཁ་དོག་དམར་པོ་འཛིན་པའི་འོད་ལེན་ཕྲ་ཕུང་དེ་དག་སྐུལ་ཐལ་ཤོར་བས་ཕྲ་ཕུང་ལྗང་ཁུ་དང་སྔོན་པོ་ལྟར་འོད་རྡུལ་བསྡུ་ལེན་གྱི་བྱ་བ་བྱེད་ཐུབ་ཀྱི་མེད། དེའི་རྐྱེན་པས་བརྡ་ལན་ཀླད་པར་འབྱོར་སྐབས་བྱིའུ་དབྱིབས་དང་མཚུངས་པའི་དྲ་སྐྱིའི་གནས་དག་ནས་འོད་རྡུལ་ལྗང་ཁུ་དང་སྔོན་པོ་འདྲེས་མའི་གནས་ཚུལ་ལས་འོད་རྡུལ་དམར་པོའི་གནས་ཚུལ་འབྱོར་གྱི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ལྕགས་དྲྭའི་ནང་ཁ་དོག་ལྗང་ཁུ་དང་སྔོན་པོ་འདྲེས་པའི་བྱིའུའི་གཟུགས་བརྙན་ཞིག་མཐོང་བ་ཡིན། བརྟག་དཔྱད་འདིར་ལྕགས་དྲྭའི་ནང་གི་བྱིའུའི་འཁྲུལ་སྣང་ཟེར་གྱི་ཡོད། འཕྲུལ་སྣང་འབོད་དོན་ནི་ལྕགས་དྲྭའི་ནང་དུ་ཁ་དོག་སྔོ་སྐྱ་ཡིན་པའི་བྱིའུའི་པར་རིས་ཤིག་མེད་ནའང་ཡོད་པ་ལྟར་སྣང་བའི་འཁྲུལ་སྣང་དུ་འཛིན་གྱི་ཡོད། གཟུགས་བརྙན་འདི་དེ་སྔོན་ཁ་དོག་དམར་པོ་ཡིན་པའི་བྱིའུའི་གཟུགས་བརྙན་དེའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་སྟབས་འདིར་རྗེས་བརྙན་དང་རྗེས་ཀྱི་ཤུགས་རྐྱེན་སོགས་ཀྱི་ཐ་སྙད་སྦྱར་ནས་ཤོད་ཀྱི་ཡོད།

Post a Comment

Previous Post Next Post