སྤེལ་མཁན། : tsenrig 8/31/2010



འདི་ལོ་སྤྱི་ཟླ་ ༤ ཚེས་ ༢༠ ཉིན་ཨ་རིའི་མཚོ་འོག་རྡོ་སྣུམ་ཕྱིར་འདོན་བྱེད་སའི་ཁྲོམ་པ་ཞིག་ཏུ་གས་འཐོ་བྱུང་རྟེ་ལས་མི་བཅུ་གཅིག་ལ་སྲོག་སྐྱོན་བྱུང་བ་དང་། སྣུམ་འདྲེན་སྦུ་གུ་ཧྲུག་ཆགས་སུ་སོང་ཏེ་ད་བར་ཟླ་ངོ་གསུམ་ལྷག་རྡོ་སྣུམ་མཚོ་ནང་དུ་ཤོར་བ་དང་དེ་ནི་ད་བར་ཨ་རིའི་ལོ་རྒྱུས་ནང་ཚབས་ཆེ་ཤོས་ཀྱི་ཁོར་ཡུག་གོད་ཆགས་དང་འཛམ་གླིང་ནང་རྡོ་སྣུམ་ཁ་ཤོར་ཚད་མཐོ་ཤོས་དེ་གྱུར་ཡོད། དཔལ་འབྱོར་དང་ཁོར་ཡུག་གཉིས་ཀར་གནོད་སྐྱོན་ཤིན་ཏུ་ཆེ་བ་དང་ཨ་སྒོར་ཐེར་འབུམ་ ༣༢ ཙམ་གྱི་རྡོ་སྣུམ་མཚོ་ནང་དུ་ཤོར་བ་མ་ཟད་དེ་མིན་བཟོ་གྲྭའི་ཚོང་འབྲེལ་ནང་ཨ་སྒོར་ཐེར་འབུམ་ ༡༧ ཙམ་གྱི་གྱོན་གུད་བྱུང་ཡོད། དེ་བཞིན་ཁོར་ཡུག་ལ་ཡང་གོ་ཆགས་ཤིན་ཏུ་ཆེ་བ་སྟེ། ལེ་བར་དྲུག་བརྒྱ་ལྷག་གི་མཚོ་མཐའི་ས་ཁྱོན་སྣུམ་གྱིས་ཁྱབ་ཏེ་དེར་ཡོད་བྱ་རིགས་དང་སྲོག་ཆགས་གཞན་ལ་གནོད་སྐྱོན་ཚབ་ཆེ་ཕོག་པ་དང་ས་ཁྱོན་དེ་ཙམ་གཙང་བཟོ་བྱེད་པའི་ལས་དོན་ནི་དུས་ཚོད་དང་དཔལ་འབྱོར་གཉིས་ཀའི་འགྲོ་གྲོན་ཤིན་ཏུ་ཆེ་བ་མ་ཟད་གནོད་སྐྱོན་ཐེབས་པའི་སྲོག་ཆགས་མང་དག་ཅིག་སྐྱོབ་ཐབས་མེད་པ་ཆགས་ཡོད། འབྲེལ་ཡོད་མཁས་དབང་ཚོས་ཚོད་དཔག་ལ་གཞིགས་ན་ཁོར་ཡུག་གཙང་བཟོ་ཁོ་ནའི་ཆེད་ཨ་སྒོར་ཐེར་འབུམ་ ༢༣ ལྷག་འགྲོ་སྲིད་པ་དང་སྤྱི་ཡོངས་ཐོག་ཨ་སྒོར་ཐེར་འབུམ་བརྒྱ་ཙམ་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད།  སྤྱི་ཟླ་ ༧ ཚེས་ ༡༥ ཉིན་ཁྲོམ་པ་དེར་གནས་སྐབས་རིང་ཁ་འགོག་བྱེད་ཐུབ་པ་བྱུང་བ་དང་འབྲེལ་ཡོད་མི་སྣས་རྡོ་སྣུམ་ཕྱིར་ཤོར་འགོག་ཐུབ་ཡོད་ལུགས་བཤད་བཞིན་ཡོད་ཀྱང། དཀའ་ངལ་དངོས་གཞི་སེལ་བར་ད་དུང་ཡང་ལས་ཀ་མང་དག་ཅིག་ལྷག་ཡོད། ཁྲོམ་པ་འདི་དབྱིན་ཡུལ་གྱི་རྡོ་སྣུམ་བཟོ་གྲྭ་ british petroleum ཞེས་པ་དེའི་བདག་དབང་འོག་ཡོད་པ་དང་ཨ་རིའི་གཞུང་གི་གནད་དོན་འདིའི་ཐད་ཉམས་ཞིབ་བྱེད་བཞིན་པ་དང་བཟོ་གྲྭ་དེའི་འགན་འཛིན་དགོངས་ཞུ་བྱེད་དགོས་བྱུང་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།