སྤྱིར་བོད་དང་ཧི་མ་ལ་ཡི་རི་རྒྱུད་སོགས་གོ་ལའི་མཐོ་སྒང་གི་ས་ཁུལ་དུ་འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་ནང་ཚ་དྲོད་འཕར་སྣོན་ཇི་ཙམ་བྱུང་མིན་ནི་ཁུལ་དེའི་མི་དམངས་དང། རི་འཛེགས་མཁན་ཚོས་དངོས་སུ་ཤེས་རྟོགས་ཡོད་པའི་མྱོང་བ་ཞིག་ཡིན་རུང། ཚ་དྲོད་འཕར་སྣོན་བྱུང་བ་དེས་དངོས་སུ་ཁུལ་དེའི་འཁྱག་རོམ་གྱི་ཞུར་ཚད་དང་མ་འོངས་ཀྱི་གནས་སྟངས་ཇི་ལྟར་སྲིད་མིན་ཐད་འབྲེལ་ཡོད་མཁས་དབང་ཚོས་བཞེད་ཚུལ་མི་འདྲ་བ་དང་རྩོད་གཞི་ཤིན་ཏུ་ཆེ། དཔེར་ན་ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཐོ་ཞིག་གི་ནང་གོ་ལ་ཚ་འགྱུར་གྱི་རྐྱེན་པས་ཧི་མ་ལ་ཡི་འཁྱག་རོམ་ཞུར་ཚད་ནི་འཛམ་གླིང་ས་ཕྱོགས་གཞན་ལས་མཐོ་བ་དང། འཁྱག་རོམ་ཐད་ཕན་ནུས་ལྡན་པའི་འགྱུར་བ་གཏོང་མ་ཐུབ་ཚེ་ཡོངས་རྒྱུའི་ལོ་ཉེར་ལྔའམ་དེ་ལས་ཉུང་བའི་ལོ་ཟླའི་ནང་ཧི་མ་ལ་ཡི་འཁྱག་རོམ་ཡོངས་རྫོགས་རྩ་མེད་འགྲོ་རྒྱུ་ཡིན་ལུགས་བཀོད་ཀྱང། དེར་རྒྱལ་ཁབ་དང་མི་སྒེར་མང་པོས་དགག་པ་དང་ནོར་ཁྲུལ་ཡིན་ལུགས་བཤད་ཡོད། འབྱུང་འགྱུར་གྱི་ཚོད་དཔག་འདི་དག་ཇི་ཙམ་བདེན་མིན་བཤད་དཀའ་ཡང་གོ་ལ་ཚ་འགྱུར་ཐེབས་བཞིན་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྱག་རོམ་ཞུར་བཞིན་པ་ནི་རྩོད་མེད་ཡོངས་གྲགས་ཀྱི་གནས་སྟངས་ཤིག་དང་ཚང་མས་སེམས་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད།

ཉེ་དུས་ཨ་རིའི་རི་འཛེགས་མཁན་སྐུ་ཞབས་བིརི་ཤིར་Breashears ཟེར་བས་ས་གནས་འདྲ་མིན་གྱི་དཔེ་མཛོད་ཁང་སོགས་ནས་ཧི་མ་ལ་ཡི་རི་རྒྱུད་ཀྱི་འདྲ་དཔར་རྙིང་རིགས་ཁག་འཚོལ་བསྡུ་བྱས་ནས་ད་ཆ་རི་བརྒྱུད་དེ་དག་གི་འཁྱག་རོམ་ཇི་ཙམ་ཉུང་དུ་ཕྱིན་མིན་འདྲ་དཔར་གཤམ་སྡུར་གྱི་ལམ་ནས་དཔང་རྟགས་མངོན་གསལ་བསྟན་ཡོད། ཁོང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། འདས་པའི་བརྒྱ་ཕྲག་གཅིག་གི་ནང་ཧི་མ་ལ་ཡི་འཁྱག་རོམ་ཞུར་ཚད་བློ་ཡུལ་དུ་ཤོང་དཀའ་བ་དང་དངངས་ཚབ་བྱེད་དགོས་པ་ཞིག་ཏེ། སྤྱི་ལོ་ ༡༩༢༩ ལོར་རི་འཛེགས་མཁན་ཇོར་ཇི་མར་ལོས་བཏབ་པའི་ཇོ་མོ་གླང་མའི་བྱང་ཕྱོགས་འཁྱག་རོམ་གྱི་འདྲ་དཔར་དང་ ༢༠༠༧ ལོར་བཏབ་པའི་འཁྱགས་རོམ་དེའི་འདྲ་དཔར་གཉིས་གཤམ་སྡུར་བྱེད་སྐབས་། འདས་པའི་ལོ་ངོ་བརྒྱད་ཅུ་ཙམ་གྱི་ནང་འཁྱག་རོམ་གྱི་མཐོ་ཚད་ཧྥིཊ་ ༣༠ ལྷག་དམའ་རུ་ཕྱིན་པ་དང་རྒྱ་ཁྱོན་ཡང་དེ་བཞིན་ཆུང་རུ་ཕྱིན་ཡོད། དེ་ནི་ཁང་པ་ཐོག་རྩེག་སོ་ལྔ་དང་བཞི་བཅུ་བར་གྱི་མཐོ་ཚད་དང་མཉམ་པའི་འཁྱག་རོམ་མེད་པར་གྱུར་དང་། ཧི་མ་ལ་ཡ་གཙོས་པའི་བོད་ཀྱི་འཁྱག་རོམ་ནི་ཨེ་ཤེ་ཡའི་ཆུ་བོ་ཕལ་ཆེ་བའི་འབྱུང་ཁུངས་དང། དེ་དག་ནི་ཆུ་གཞུང་དུ་གནས་པའི་མི་འབོར་ས་ཡ་མང་པོའི་འཚོ་རྟེན་ཡིན་པས་བློ་ཚབ་ཆེ་བའི་གནད་དོན་ཞིག་ཡིན།

འདི་ལྟ་བུའི་གོ་ལ་ཚ་འགྱུར་གྱི་དཔང་རྟགས་ཤིན་ཏུ་གསལ་བ་དང་མ་འོངས་པར་དེའི་མཇུག་འབྲས་ངན་པ་ཇི་ཡོང་ཤེས་གསལ་ཡིན་ཡང་། གོ་ལ་སྲུང་སྐྱོབ་ཀྱི་ལས་འགུལ་ཁ་ཞེ་མཚུངས་པ་ཞིག་སྤྱི་སྒེར་གཉིས་ཀྱི་ཐོག་ནས་ཡོང་གི་མེད་པར་བརྟེན། སྤྱི་ཚོགས་སེམས་ཁམས་རིག་པ་བ་འགའ་ཞིག་གིས་ཟེར་ན། གློ་བུར་གྱི་ཉེན་ཁའི་རིགས་ལ་དོ་སྣང་དང་དེ་ནས་གཡོལ་ཐབས་བྱེད་པ་ལས་ཡུན་རིང་ནང་ཡོང་རྒྱུའི་ཉེན་ཁ་ལས་གཡོལ་ཐབས་དང་དེར་དུས་ཐོག་ཡ་ལན་མི་བྱེད་པ་ནི་ཆེས་ཐོག་མ་ནས་རྒྱུན་འཇག་ཡོད་པའི་འགྲོ་བ་མིའི་གཤིས་ཀ་ཞིག་གམ། འཕེལ་འགྱུར་གྱི་ཐོག་ནས་ང་ཚོའི་ཀླད་པའི་གོམས་འགྱུར་ཐེབས་ཚུལ་དེ་ལྟར་ཡིན་པས། མཆེ་བ་བརྩེགས་པའི་སྟག་ལྟ་བུ་ལས་གནམ་གཤིས་འགྱུར་ལྡོག་ལྟ་བུར་ང་ཚོས་དོ་སྣང་ཡོང་གི་མེད་ཟེར། འདི་ནི་ངེད་ཅག་གི་གཤིས་རྒྱུད་དང་འབྲེལ་བའི་བདེན་དོན་ཞིག་ལགས།

འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ནང་གོ་ལའི་འཁྱག་པའི་ཞུ་ཚད་དེ་ཙམ་མགྱོགས་པོ་ཡོང་དགོས་པའི་རྒྱུ་མཚན་གསུམ་ཡོད། གཅིག། སྤྱིར་གོ་ལའི་རླུང་ཁམས་ནང་ནག་རྫས་འཚོ་རླུང་ཟུང་ལྡན་ལྟ་བུ་ལྗང་ཁང་རླངས་རྫས་མང་དྲག་པས་གོ་ལ་སྤྱིའི་ཚ་ཚད་འཕར་བ་དང། གཉིས། གོ་ལ་ཚ་འགྱུར་གྱི་རྐྱེན་པས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ནས་ལོ་འཁོར་སྤྱིའི་རིང་གངས་འབབ་ཚད་ཉུང་དུ་ཕྱིན་པ། གསུམ། བཟོ་གྲྭ་དང་མོ་ཊ་སོགས་ཀྱི་དུ་རླངས་རླུང་ཁམས་ནང་ཁྱབ་ཚད་ཆེ་བས་དུ་དྲེག་འཁྱག་རོམ་ཐོག་ཕོག་པ་དང་། འཁྱག་རོམ་གྱི་མདོག་ནག་པོར་གྱུར་བས་དེས་ཉི་འོད་ཕྱིར་ལྡོག་བྱེད་པའི་ནུས་པ་ཉམས་པ་དང་འཁྱག་པ་ཞུ་ཚད་མཐོ་རུ་གཏོང་བའི་རམ་འདེགས་བྱེད་པ་བཅས་ཡིན།

མ་འོངས་ལོ་ངོ་སྟོང་ཕྲག་རིང་གོ་ལའི་ཚ་དྲོད་ཀྱི་གནས་སྟངས་གང་འདྲ་ཡོང་མིན་ནི་དུས་རབས་འདིའི་ནང་འཚོ་སྡོད་བྱེད་བཞིན་པའི་མི་ཚོས་ཐག་གཅོད་བྱེད་རྒྱུ་དང་། ད་ཆ་མཐོང་ཆོས་སུ་གྱུར་བའི་དཔང་རྟགས་ལས་ང་ཚོས་ཁ་ཕྱོགས་ནོར་ཁྲུལ་ཅན་ཞིག་གི་ཐོག་ཏུ་སྐྱོད་བཞིན་པ་ཤེས་ཐུབ། གོ་ལ་ཚ་འགྱུར་གྱི་ཡོང་རྐྱེན་གཙོ་བོ་ནི་རྡོ་སྣུམ་གྱི་ཐོན་རྫས་རིགས་སྤྱོད་དྲགས་པས་རླུང་ཁམས་ནང་ལྗང་ཁང་རླངས་གཟུགས་ཞེས་པའི་རླངས་རྫས་མང་དག་ཅིག་ཕྱིར་འདོན་བྱེད་པ་ལས་བྱུང་བ་དང་། དེ་དག་ལས་ནག་རྫས་འཚོ་རླུང་ཟུང་ལྡན་ཞེས་པའི་རྫས་འདི་གོ་ལའི་རླུང་ཁམས་ནང་ཡུན་རིང་གནས་ཐུབ་པར་བརྟེན་ད་ཆ་ང་ཚོའི་བཟོ་གྲྭ་སོགས་ནས་ཕྱིར་འདོན་བྱས་པའི་རྫས་འདི་རིགས་ལོ་ངོ་སྟོང་ཕྲག་བར་རླུང་ཁམས་ནང་གནས་ཐུབ་པ་དང་དེ་མཚུངས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཉེ་དུས་ཨ་རིའི་ཚན་རིག་པ་ཚོས་སྟོན་པའི་སྙན་ཐོ་ཞིག་གི་ནང་གསལ་ལྟར་ན། གོ་ལའི་ཚ་དྲོད་ཌིག་རི་གཅིག་འཕར་སྣོན་བྱུང་ཚེ། དེའི་རྐྱེན་པས་ཨ་རི་དང་རྒྱ་གར། ཨ་ཧྥི་རི་ཀའི་གླིང་ཆེན་ནང་གྲོ་དང་མ་རྨོས་ལོ་ཏོག་བཅས་ཀྱི་འབྲུ་རིགས་ཁག་གཅིག་གི་ཐོན་སྐྱེད་བརྒྱ་ཆ་ལྔ་ནས་བཅོ་ལྔ་བར་ཉུང་དུ་འགྲོ་བ་དང་། གོ་ལ་སྤྱི་ཡོངས་ཐོག་དྲག་ཆར་འབབ་ཚད་བརྒྱ་ཆ་གསུམ་ནས་བཅུ་བར་འཕར་སྣོན་འབྱུང་ཡང་། ཨ་རིའི་ལྷོ་ནུབ་དང་ལྷོ་ཨ་ཧྥི་རི་ཀ་སོགས་ཀྱི་ནང་ལོ་རེའི་ཆར་པ་འབབ་ཚད་བརྒྱ་ཆ་ལྔ་ནས་བཅུ་བར་ཉུང་དུ་འགྲོ་རྒྱུ་དང་། བྱང་འཁྱག་རོམ་གྱི་ཁྱབ་ཚད་བརྒྱ་ཆ་བཅོ་ལྔ་ནས་ཉི་ཤུ་རྩ་ལྔ་བར་ཉུང་དུ་འགྲོ་ལུགས་བཅས་བཤད་ཡོད། གལ་ཏེ་གོ་ལའི་ཚ་དྲོད་ལ་ཌིག་རི་གསུམ་ཙམ་འཕར་སྣོན་བྱུང་ཚེ་བྱང་སྣེ་འཁྱག་རོམ་ཕལ་ཆེ་བ་མེད་པ་འགྱུར་ངེས་ཚོད་དཔག་བྱེད་བཞིན་པ་དང་། ད་ལྟའི་ཚ་དྲོད་འཕར་ཚད་ལ་གཞིགས་ན་སྤྱི་ལོ་༢༠༩༠ཙམ་ལ་བྱང་སྣེའི་འཁྱག་རོམ་མེད་པ་ཆགས་རྒྱུ་ཡིན། འདི་ལོའི་དབྱར་དུས་ནི་ད་བར་ཚ་དྲོད་ཆེ་ཤོས་ཀྱི་དབྱར་དུས་དེ་ཆགས་ཡོད། ས་གནས་ཁ་ཤས་ཤིན་ཏུ་རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་མྱོང་བཞིན་པ་ལས། དཔེར་ན། ཐ་ཡི་ལེནཌ་རྒྱལ་ཁབ་ལྟ་བུར་ད་བར་ལོ་ངོ་ཉི་ཤུའི་ནང་བྱུང་མ་མྱོང་བ་དང་། ཨི་སི་རེལ་རྒྱལ་ཁབ་ནང་ལོ་ངོ་དགུ་བཅུའི་རིང་བྱུང་མ་མྱོང་བའི་ཐན་པ་བྱུང་ཡོད། དེ་བཞིན་དབྱིན་ཡུལ་ལྟ་བུར་མཚོན་ན་ལོ་ངོ་བརྒྱད་ཅུའི་ནང་གི་སྐམ་ཤས་ཆེ་ཤོས་ཀྱི་དབྱར་དུས་ཆགས་ཡོད།

སྤྱི་ལོ་ ༢༠༠༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་ཆས་དང་ཞིང་ལས་ལྷན་ཁང་གིས་སྟོན་པའི་སྙན་ཐོའི་ནང་གོ་ལ་ཚ་འགྱུར་གྱི་དཀའ་ངལ་འདི་ཡོང་རྐྱེན་གཙོ་བོ་གསུམ་གྱི་ནང་ནས་གཅིག་མིས་གསོ་སྐྱོང་བྱེད་པའི་སྒོ་ཕྱུགས་འདི་དག་ཡིན་ལུགས་བཤད་ཡོད། གོ་ལའི་རླུང་ཁམས་ནང་ལྗང་ཁང་རླངས་གཟུགས་བརྒྱ་ཆ་བཅོ་བརྒྱད་ལྷག་ཕྱུགས་རིགས་ཚོས་སྒྲེགས་པ་དང་སྟུག་དྲི་གཏང་བས་རྐྱེན་གྱི་ཡོང་གི་ཡོད་པ་དང་། བ་ཕྱུགས་གཅིག་གིས་ཉིན་རེར་མེ་ཐན་རླངས་རྫས་གེ་ལོན་ gallon ༢༥ ནས་ ༡༣༠ བར་སྐྲུན་ཐུབ། འཛམ་གླིང་སྤྱིའི་ས་ཁྱོན་ལས་བརྒྱ་ཆ་སུམ་ཅུ་ལྷག་ཕྱུགས་རིགས་ཀྱི་རྩ་སའི་ཆེད་བེད་སྤྱོད་བྱེད་བཞིན་པ་མ་ཟད་གནས་སྐབས་ཕལ་ཆེ་བར་ཤིང་ནགས་གཅོད་འབྲེག་གི་ཐོག་ནས་རྩ་ས་བཟོ་སྐྲུན་བྱེད་ཀྱི་ཡོད། ད་ཆ་འཛམ་གླིང་ནང་མིས་གསོས་ཕྱུགས་རིགས་ཐེར་འབུམ་གཅིག་དང་ཕྱེད་ལྷག་ཡོད་པ་ལས་ས་ཡ་སུམ་བརྒྱ་ཙམ་རྒྱ་གར་ནང་ཡོད་པ་དང་འཛམ་གླིང་ཐོག་སྒོ་ཟོག་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད། དེ་འོག་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བི་རེ་ཛིལ་ནང་ཕྱུགས་རིགས་ས་ཡ་ཉིས་བརྒྱ་ཙམ་དང་རྒྱ་ནག་ནང་ས་ཡ་བརྒྱ་དང་ཕྱེད་ཙམ་བཅས་ཡོད། འཛམ་གླིང་མི་འབོར་འཕར་ཚད་མགྱོགས་པ་དང་ཨེ་ཤེ་ཡ་རྒྱལ་ཁབ་ནང་དཔལ་འབྱོར་གྱི་ཡར་རྒྱས་མགྱོགས་མྱུར་འགྲོ་བཞིན་པའི་རྒྱུ་མཚན་གྱིས་རྒྱལ་སྤྱིའི་ཁྲོམ་རྭར་ཤ་དང་འོ་མ་སོགས་ཀྱི་དགོས་མཁོ་ཇི་མང་དུ་འགྲོ་རྒྱུ་ཡིན་པར་བརྟེན། ཡོང་རྒྱུའི་ལོ་བཅུ་ཕྲག་འགའ་ཤས་ནང་འཛམ་གླིང་ཕྱུགས་རིགས་ཀྱི་གྲངས་ཚད་དེ་ཐེར་འབུམ་གསུམ་བར་འཕེལ་འགྱུར་ཡོང་བའི་ཚོད་དཔག་བྱེད་བཞིན་ཡོད།

མ་ཟད་ཕྱུགས་རིགས་ཀྱི་གཅིན་པ་དང་ལྕི་བ་སོགས་ནི་རྒྱུགས་ཆུ་ཙོག་པ་དང་སྐྱུར་ཆར་ (acid rain) གྱི་འབྱུང་ཁུངས་གཙོ་བོ་ཆགས་ཡོད། སྦྱིན་བདག་ཚོས་སྒོ་ཟོག་འཚར་ལོངས་མགྱོགས་མྱུར་ཡོང་ཆེད་མ་རྨོས་ལོ་ཏོག་གཙོ་བོར་གྱུར་བའི་ལྟོ་ཆས་སྤྲོད་པ་དང་དེས་ཟོག་གི་ཕོ་བའི་ནང་འཇུ་བྱེད་ཀྱི་སྐྱུར་རྫས་ཤུགས་ཆེ་སྐྲུན་པ་དང་ལྷན་དུ་མེ་ཐེན་གྱི་རླངས་རྫས་ཀྱང་སྐྲུན་གྱི་ཡོད། རླངས་རྫས་དེ་དག་ཁ་དང་གཤང་ལམ་གྱི་རྒྱུད་ནས་ཁོར་ཡུག་ནང་ཕྱིར་འདོན་བྱེད་པ་དང་ལྕི་བ་ཡང་སྐྱུར་ཆེ་བར་བརྟེན་དེ་དག་མཐར་རྒྱུགས་ཆུར་འདྲེས་ནས་མི་གཙང་བ་བྱེད་པ་དང་སྐྱུར་ཆར་འབབ་པ་སོགས་བྱེད་ཀྱི་ཡོད། དེས་ན་དམར་ཟས་སྤོང་བ་ཡང་གོ་ལ་ཚ་འགྱུར་ལས་སྲུང་སྐྱོབ་བྱེད་པའི་ལམ་དུ་ཞུགས་པ་ཡིན།

Post a Comment

Previous Post Next Post