སྤེལ་མཁན། : tsenrig 8/31/2010



འཛམ་གླིང་ནང་མི་མང་པོ་ཞིག་མཚན་མོ་གཉིད་མི་ཁུག་པའི་དཀའ་ངལ་ཡོད་པ་དང་ནད་གཞི་དེར་དབྱིན་སྐད་ནང་ཨིན་སོམ་ནི་ཝ་Insomniaཟེར་གྱི་ཡོད། དེས་རྐྱེན་པས་འཕྲོད་བསྟེན་ལ་དོ་ཕོག་ཆེན་པོ་ཡོང་བ་མ་ཟད་ལྷག་པར་དུ་ཡིད་རྨུག་དང་དངངས་སྐྲག་གི་ནད་གཞི་སོགས་ཡོང་གི་ཡོད། ད་བར་ནད་འདི་བཅོས་བྱེད་སྨན་རྫས་མང་དག་ཅིག་བེད་སྤྱོད་བྱེད་མུས་ཡིན་ཡང་དེ་དག་ཚང་མར་མི་དགོས་པའི་ཤུགས་རྐྱེན་ངན་པ་མང་པོ་ཡོང་གི་ཡོད། ཉེ་ཆར་ཨ་རིའི་ཉམས་ཞིབ་པ་ཁག་གཅིག་གི་ཤེས་རྟོགས་བྱུང་བར་གཞིགས་ན། སེའུའི་ cherry ཁུ་བ་ནི་ནད་གཞི་འདིའི་རང་འབྱུང་གི་སྨན་རྫས་མཆོག་ཏུ་གྱུར་བ་ཞིག་དང་། ཁོང་ཚོའི་བརྟག་དཔྱད་ནང་། གཉིད་མི་ཁུག་པའི་ནད་གཞི་ལྕི་མོ་ཡོད་པའི་རྒན་རྒོན་བཅོ་ལྔ་ལ་བདུན་གཉིས་རིང་སྔ་དགོང་སེའུའི་ཁུ་བ་འཐུང་འཇུག་པ་དང་དེ་མིན་བཅོ་ལྔ་ལ་བདུན་གཉིས་རིང་ཤིང་ཏོག་གཞན་གྱི་ཁུ་བ་འཐུང་འཇུག་རྗེས་གཉིད་ཐུན་ཇི་ཙམ་ཁུག་མིན་ཟིན་ཐོ་ཉར་དགོས་པ་མངགས་ཡོད། བརྟག་དཔྱད་ཀྱི་འབྲས་བུར། སེའུའི་ཁུ་བ་འཐུང་མཁན་དེ་དག་ཆ་སྙོམ་ཐོག་སྐར་མ་བཅུ་བདུན་ཙམ་གཉིད་ཡུན་རིང་བ་བྱུང་ཡོད། མཁས་དབང་ཚོའི་བསམ་ཚུལ་ལྟར་ན་སེའུའི་ནང་ལུས་པོའི་གཉིད་དང་སད་པའི་འཁོར་རྒྱུན་ལ་སྟངས་འཛིན་བྱེད་མཁན་གྱི་མེ་ལ་ཊོ་ནིན་ meladonin ཞེས་པའི་ཧོར་མོན་ hormone ཚད་མཐོ་བོ་ཡོད་པས་ཡིན་ལུགས་བཤད་པ་དང། སྤྱིར་སྨན་སྦྱོར་གྱི་ཐོག་ནས་གཉིད་མི་ཁུག་པའི་ནད་པ་ཚོར་ཧོར་མོན་འདི་སྤྲོད་ཀྱི་ཡོད་ནའང་སེའུ་ནི་སྨན་འདིའི་རང་འབྱུང་གི་འབྱུང་ཁུངས་ཡིན་པ་མ་ཟད། འདིར་གཉན་འཇོམ་དང་རུས་ནད་ཀྱི་ན་གཟུགས་འཇོམ་པའི་ནུས་པ་ཡོད་པ་མ་ཟད་སྐྲན་ནད་ལ་གདོང་ལེན་བྱེད་པའི་རྫས་ཨན་ཐོ་སའི་ཡི་ནིན་ anthocyanins སོགས་སྨན་ནུས་ལྡན་པའི་རྫས་རིགས་མང་དག་ཅིག་ཡོད་ལུགས་བཤད་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།