སྤེལ་མཁན། : tsenrig 3/31/2010


སེར་བྱེས་ཟླ་བ་རྡོ་རྗེ།

སྐབས་འདིར་ངས་གླེང་བར་བྱ་བའི་གཞི་ནི་ནང་ཆོས་དང་ཚན་རིག་གཉིས་ཀའི་གཞུང་ནས་བཤད་པའི་འདྲ་ཆོས་མཚན་གཞི་བྱེ་བྲག་ཅིག་གི་སྟེང་དུ་མཐུན་ཕྱོགས་ཀྱི་ཆ་བཤད་པ་དང་། མཚན་གཞི་གཞན་ཞིག་གི་སྟེང་དུ་འགལ་ཕྱོགས་ཀྱི་བཤད་པ་བྱེད་རྒྱུ་མིན་པར། རིག་གཞུང་ཆེན་མོ་གཉིས་ཀྱི་གཞི་རྩའི་སྒྲོམ་གཞིའི་སྟེང་གི་མཐུན་ཕྱོགས་དང་འགལ་ཕྱོགས་སྐོར་རང་གི་གང་བསམ་པ་ཞིག་འཆད་པར་བྱ་སྟེ།

མཐུན་ཕྱོགས།


ཚན་རིག་གི་རིག་གཞུང་འདི་ནི་ཐོག་མར་གོ་རྟོགས་སམ་ཤེས་ཡོན་ཞིག་ལས་འགོ་ཚུགས་པ་ནི་མིང་གི་འབྱུང་ཁུངས་ལས་ཤེས་ལ། དེ་ཡང་ལེ་ཊིན་གྱི་ཚིག་ scientia ཞེས་པའི་སྒྲ་ཟུར་ཆག་པས་སོ། ཕྱིས་སུ་རིག་གཞུང་དེས་དངོས་པོའི་གནས་ཚུལ་གཏན་ལ་འབེབས་པ་ལ་ཐུན་མོང་མ་ཡིན་པའི་དཔྱད་ཐབས་དང་སྒྲིག་གཞི་ཞིག་གཞི་རྩར་བཟུང་ནས་ཤེས་བྱ་གསར་པའི་གནས་ཚུལ་གཏན་ལ་ཕབ་པ་མ་ཟད། རང་འབྱུང་ཁམས་ཀྱི་གཟུགས་ཅན་གྱི་ཆོས་དང་དེའི་ཁྱད་ཆོས་ལ་སྔར་མེད་པའི་གསང་བརྟོལ་བྱས་པས་འཛམ་གླིང་སྟེང་གི་ཆོས་ལུགས་མང་པོའི་རྩ་བའི་ལངས་ཕྱོགས་དང་འགལ་ཟླར་གྱུར་ཏེ་དུས་རབས་བར་མ་ནས་ད་བར་ཆོས་ལུགས་ཀྱིས་རྒོལ་རྡུང་མུ་མཐུད་ཕོག་ཀྱང་། ད་བར་གནས་ཐུབ་པ་མ་ཟད་ད་ཆ་རིག་གཞུང་འདི་ནི་འཛམ་གླིང་སྤྱིའི་རིག་གཞུང་གི་ངོ་བོར་གྱུར་ཡོད།
རིག་གཞུང་གསར་པ་དེ་ནི་ཆོས་ལུགས་དང་སྲོལ་རྒྱུན་གྱི་རིག་གཞུང་དང་གོམས་སྲོལ་མཐའ་དག་གི་རྒོལ་བརྡུང་ལས་བརྒལ་ཐུབ་པའི་རྩ་བའི་ནུས་པ་གང་ལགས་ཤེ་ན། ཐོག་བརྩེགས་ཅན་གྱི་ཁང་ཆེན་ཞིག་བརྩིགས་པ་ལ་ཐོག་མར་རྩིག་རྨང་ཤིན་ཏུ་བརྟན་པོ་དགོས་པ་ལྟར། ཚན་རིག་གི་རིག་གཞུང་དེ་ལ་ཡང་དངོས་པོའི་གནས་ཚུལ་གཏན་ལ་འབེབས་པ་ལ་གོམ་པ་དང་པོ་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མངོན་ཡོད། འོ་ན་རྒྱུ་མཚན་ལྡན་པའི་རྒྱུད་རིམ་དེ་གང་ཡིན་ཞེ་ན། ཡོད་དེ། དང་པོ། གནད་དོན་ཞིག་དང་དྲི་བ་ཞིག་ཚན་རིག་པའི་མདུན་དུ་ལྷག་དགོས། གཉིས་པ། དེ་ལ་ཚན་རིག་པས་དེ་ཡིན་པའི་དབང་དུ་བཏང་ན། ཞེས་པའི་ཚོད་དཔག་ཅིག་བྱེད་དགོས། གསུམ་པ། དེའི་ཕྱིར་རྗེས་འབྲས་འདི་ལྟར་ཡིན་དགོས་ཞེས་རིགས་པས་དཔོག་དགོས། བཞི་པ། དེ་ལྟར་ཚོད་དཔག་དང། རྗེས་སུ་དཔག་པ་གཉིས་ཀ་དོན་དངོས་དང་མཐུན་མིན་གྱི་བརྟག་དཔྱད་དང། དངོས་ཁྲིད་ཅིག་བྱེད་དགོས། ལྔ་པ། དེ་ལ་བརྟེན་ནས་གྲུབ་དོན་ཞིག་རྙེད་པ་བཅས་སོ། དེ་ལྟར་ཚན་རིག་གི་གྲུབ་དོན་ཡང་དག་པ་ཞིག་ཡིན་ན། དེང་གི་ཆར་གོང་གསལ་གོམ་པ་ལྔ་པོ་ཚང་དགོས་པར་ཚན་རིག་པ་རྣམས་མི་མཐུན་པ་མེད།
ཡང་ཁུངས་སྐྱེལ་མེད་པའམ་མི་དགོས་པའི་ཚན་རིག་མེད་དེ། ཚན་རིག་གི་གཏམ་བཤད་གང་ཡིན་པ་དེར་རྩིས་གྲངས་ཀྱི་རྒྱབ་གཉེར་ཡོད་དགོས། ཚན་རིག་ནང་གང་བཤད་པ་ཐམས་ཅད་དཔྱད་པ་བྱེད་རུང་ཡིན།

གོང་གསལ་གྱི་གནད་དོན་གསུམ་ནི་རིག་གཞུང་འདིའི་འབུར་དུ་ཐོན་པའི་ལེགས་ཆོས་ཤིག་ཡིན་པས་དད་པའི་རྗེས་འབྲངས་ཆོས་ལུགས་པའི་རྒོལ་རྡུང་ལས་བརྒལ་བའི་ནུས་པ་མང་བས་འཛམ་གླིང་སྤྱིའི་རིག་གཞུང་ཞིག་གི་ངོ་བོར་གྱུར་བའི་རྒྱུ་མཚན་དེ་ལ་ཐུག་ཡོད། ནང་ཆོས་ནི་ཚན་རིག་གི་རིག་གཞུང་དང་མི་འདྲ་བར་སྲོལ་རྒྱུན་གྱི་རིག་གཞུང་ཞིག་ཡིན། མ་ཟད་ཆོས་ལུགས་ཤིག་ཀྱང་ཡིན། འོན་ཀྱང་དེར་ཚན་རིག་དང་ཆེས་མཐུན་པའི་ཁྱད་ཆོས་ནི་ཐོག་མའི་འཇུག་སྒོ་ལྟ་བུ་ནས་ཡིན། དེ་ཡང་རྨོངས་པའི་དབང་དུ་སོང་བའི་དད་པས་གཞི་བྱས་པ་ཞིག་མ་ཡིན་པར་དངོས་བོའི་གནས་ཚུལ་གཏན་ལ་འབེབས་པ་ལ་རིགས་པ་དང་རྒྱུ་མཚན་གྱི་དཔྱད་པ་གཙོ་བོར་བྱས་ནས་བླང་དོར་གྱི་སྤུ་རིས་ཕྱེ་ནས་ཉམས་སུ་ལེན་པའི་རྣམ་གཞག་གཞི་ལ་བཞག་པའི་གཞུང་ལུགས་ཤིག་ཡིན་ཏེ། སྟོན་པའི་གསུང་ལས། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ཙམ་མ་ཟད་ཕྱིས་སུ་བྱོན་པའི་སྟོན་པའི་རྗེས་འབྲངས་པ་རྣམས་ལ་ཡང་གོང་གི་སྟོན་པའི་གསུང་གི་དགོངས་པ་ལྟར་ལུང་དང་རིགས་པ་གཉིས་ལས་རིགས་པ་ཡིད་ཆེས་དང་ལུང་དང་རྒྱུ་མཚན་གཉིས་ལས་རྒྱུ་མཚན་གཙོ་བོར་འཛིན་པའི་ལུགས་མཆོག་ཏུ་གྱུར་པ་ཕྱག་སོར་གྱི་སྙིང་པོར་གནས་པ་ཞིག་ཡིན་པ་ནི་གཞུང་ཆེན་པོར་བྱང་ཆུབ་པའི་མཁས་གྲུབ་གཉིས་ལྡན་གྱི་རྒྱ་བོད་སྐྱེས་ཆེན་མང་པོའི་གསུང་ལས་ཐོན་ཏེ། རྗེ་བཙུན་བྱམས་པས། ཆོས་བཟང་རིགས་པས་རྣམ་དཔྱད་བསམ་པ་ཅན། །རྟག་ཏུ་བདུད་ཀྱི་བར་ཆད་བྱེད་པ་མེད། ཅེས་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། བདག་ནི་སངས་རྒྱས་མཆོག་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་དང་། འཇམ་དབྱངས་ས་པན་ཆེན་པོས། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །ཞེས་དང། རྗེ་ཙོང་ཁ་པ་ཆེན་པོས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུ་མི་རུང་བའི་ཕྱིར་དང་། ཞེས་པ་ལ་སོགས་པ་ཤིན་ཏུ་མང་བས་དེ་ལྟར་ཤེས་བྱ་ཡུལ་ལ་དཔྱད་པ་བྱེད་ཚུལ་ལ་ནང་པ་དང་ཚན་རིག་པ་གཉིས་ཤིན་ཏུ་མཐུན་ལ་ལྷག་པར་དུ་གོང་དུ་ཞུས་པའི་ཚན་རིག་གི་ནང་དུ་ངེས་པར་ཚང་དགོས་པའི་གནད་དོན་གསུམ་པོ་དེ་ཞིབ་པར་དཔྱད་ན་ནང་ཆོས་ཀྱི་ནང་དུའང་ཤིན་ཏུ་གལ་ཆེ་བས་ཚན་རིག་པ་རྣམས་ཀྱིས་ཚན་རིག་གི་ནང་དུ་ངེས་པར་དུ་གོང་གསལ་གྱི་གནད་དོན་ཕྱི་མ་གསུམ་ཚང་དགོས་པར་གསུངས་པ་བཞིན་དུ་གོང་གསལ་གྱི་གནད་དོན་གསུམ་ཚང་བའི་ཤེས་རིག་ཡིན་ན་ཚན་རིག་ཡིན་དགོས་པའམ་ཚིག་གཞན་གྱི་ཐོག་ནས་ཞུས་ན་གནད་དོན་གསུམ་གཙོ་བོར་འཛིན་པའི་གཞུང་ལུགས་ཤིག་ཡིན་ན་ཚན་རིག་ཡིན་དགོས་ན་ང་རང་ནང་པའི་རབ་བྱུང་བ་ཞིག་ཡིན་པའི་ཆ་ནས་ངས་ཚན་རིག་པ་རྣམས་ལ་ནང་ཆོས་དེ་དངོས་པོའི་གནས་ཚུལ་གཏན་ལ་འབེབས་པ་ལ་གོང་གསལ་གྱི་གནད་དོན་གསུམ་པོ་ཚང་བས་དོན་དེའི་སྟེང་ནས་ནང་ཆོས་དེ་ཚན་རིག་དང་མཐུན་པའམ་གོམ་པ་མཉམ་གཤིབ་ཀྱི་ཚུལ་དུ་གནས་འདུག་ཅེས་སྤོབས་པ་ཆེན་པོའི་སྒོ་ནས་ཞུ་བར་ནུས་ལ། ཡང་ཕྱོགས་གཞན་ནས་བཤད་ན། ང་རང་དེང་གི་དུས་སུ་ཚན་རིག་སྦྱངས་བཞིན་པའི་དགེ་འདུན་པའི་སྡེ་རུ་གནས་པའི་རྒྱུ་མཚན་གྱིས་བརྟག་དཔྱད་གཙོར་འཛིན་གྱི་ཚན་རིག་གི་རིག་གཞུང་འདིས་གཏན་ལ་ཕབ་པ་དང་། གསར་རྙེད་བྱུང་བ་རྣམས་རང་རེའི་གཞུང་ནས་བཤད་པའི་དངོས་སྟོབས་ཀྱི་རིགས་པས་གཏན་ལ་འབེབས་ཚུལ་དང་ཞིབ་པར་བསམ་ན་ཆེས་མཐུན་པ་མ་ཟད། རྩིས་གྲངས་ཀྱི་རྒྱབ་གཉེར་ཁ་གསལ་བ་ཞིག་ཡོད་པའི་ཆ་ནས་གོ་སླ་ལ་གནད་དོན་ཁ་ཤས་ཀྱི་སྟེང་དུ་ཞིབ་ཚགས་པ་ཡོད་པའི་སྣང་བ་བྱུང་བས་ནང་པའི་ཆོས་གྲོགས་རྣམས་ཀྱིས་ངེས་པར་དུ་དོ་སྣང་དང་སློབ་གཉེར་དགོས་པའི་འབོད་སྐུལ་ཞུ་བ་ལགས།

འགལ་ཕྱོགས།


གཞི་རྩའི་མཐུན་ཕྱོགས་དེ་ལྟར་ཆེ་བའི་རིག་གཞུང་གཉིས་ལ་འགལ་ཕྱོགས་ཀྱི་གནས་ཡོད་དམ་ཞེ་ན། ཡོད་དེ། དེ་ཡང་ཚན་རིག་ནི་རིག་པ་དང་རྒྱུ་མཚན་གཞི་ལ་བཞག་པའི་རིག་གཞུང་ཞིག་ཡིན་ཀྱང་དེས་ད་བར་དུ་ཀུན་སྤྱོད་ཀྱི་ཐོག་ལ་འགན་འཁྱེར་མེད་པ་དང་། དེ་ལས་ལྡོག་སྟེ་ནང་ཆོས་ནི་ཀུན་སྤྱོད་གཙོ་བོར་འཛིན་པའི་རིགས་པའི་རྗེས་འབྲང་གི་ཆོས་ལུགས་ཤིག་ཡིན། དེ་ཡང་བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་དང་། གཞུང་གཞན་ལས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་གནས་དང་མི་གནས་ནི་དགེ་འདུན་གྱི་སྡེ་ལ་ཐུག་ཅིང་། དགེ་འདུན་གྱི་སྡེ་གནས་དང་མི་གནས་ནི་དེ་འདྲ་བའི་དགེ་འདུན་གྱི་སྡེ་ལ་འདུལ་བའི་ཚུལ་ཁྲིམས་ཀྱི་ཉམས་ལེན་ཡོད་མེད་ལ་རག་ལས་པ་སོགས་ཉེས་སྤྱོད་ལ་འཛེམས་པའི་བརྟུལ་ཞུགས་ཏེ་ཀུན་སྤྱོད་ནི་ནང་པའི་གཞུང་དུ་ཤིན་ཏུ་གལ་ཆེ་ཡང་། ཚན་རིག་གི་གཞུང་དུ་རང་འབྱུང་ཁམས་ཀྱི་གསང་བ་བརྟོལ་བ་དང་གསར་རྙེད་ལ་གཙོ་བོར་དམིགས་པ་ལས་དེའི་མཇུག་འབྲས་བཟང་ངན་ལ་འགན་མི་ཁུར་བ་ནི་བཤད་སྲོལ་ཞིག་བདག་གིས་གོ་བ་ལྟར་དོན་ལ་གནས་ན་དེ་ནི་མི་མཐུན་པའི་ཕྱོགས་ཀྱི་གཞི་གཙོ་བོ་དེ་ཆགས་ཡོད་པར་བསམ།

འོན་ཀྱང་ཚན་རིག་པ་ཚང་མས་བཟང་སྤྱོད་ཀྱི་ཐོག་ལ་བསམ་གཞིག་མ་བྱས་པ་ནི་མ་ཡིན་ཏེ་ཨ་ཡིན་སེ་ཊན་གྱིས། ཚན་རིག་མེད་པའི་ཆོས་ལུགས་དེ་ཞ་བོ་དང་། ཆོས་ལུགས་མེད་པའི་ཚན་རིག་དེ་ལོང་བ་རེད། ཅེས་བཤད་ཡོད་པ་ནི་ཀུན་སྤྱོད་ལ་གཙིགས་སུ་བྱས་པའི་གཏམ་བཤད་དུ་མཐོང་ངོ།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།