སྤེལ་མཁན། : tsenrig 11/29/2009


མིས་བཟོས་སྲུང་སྐར་གྱི་འདྲ་དཔར་དང་དེ་མིན་གནམ་གཤིས་ཀྱི་འགྱུར་ལྡོག་མང་པོ་ཞིག་ལ་བརྟེན་ནས་སྤྱིར་འཛམ་གླིང་ཡོངས་དང་། ལྷག་པར་དུ་གོ་ལའི་ལྷོ་བྱང་གི་སྣེ་གཉིས་ཀྱི་ཚ་དྲོད་གོང་མཐོར་འགྲོ་བཞིན་པའི་དཔང་རྟགས་མང་པོ་ཞིག་བརྙེད་ཡོད། དེར་བརྟེན་གོ་ལའི་ལྷོ་སྣེར་འཚོ་གནས་བྱེད་བཞིན་པའི་བྱ་པེན་གུན་ penguin གྱི་འཚོ་གནས་ལ་དཀའ་ངལ་ཤིན་ཏུ་ཆེན་པོ་འཕྲད་བཞིན་པ་དང་། གནམ་གཤིས་དཔྱད་ཞིབ་པ་ཚོས་བཤད་པ་ལྟར་ན། གོ་ལ་ཚ་འགྱུར་གྱི་ཤུགས་རྐྱེན་ཆེ་ཤོས་དེ་ལྷོ་བྱང་གཉིས་སུ་ཐེབས་ཀྱི་ཡོད། སྤྱིར་གོ་ལའི་ལྷོ་བྱང་གི་སྣེ་གཉིས་ནི་གླིང་འདིའི་འཁྱགས་སྒམ་ལྟ་བུ་ཡིན་པས་གོ་ལའི་དྲོད་ཚད་དམའ་རུ་གཏོང་བར་ཕན་ཐོགས་ཆེན་པོ་བྱེད་ཀྱི་ཡོད།

གོ་ལའི་ལྷོ་སྣེ་ནི་བྱ་པེན་གུན་འཚོ་གནས་བྱེད་ཡུལ་ཡིན། དེ་ཡང་ལྷོ་བྱང་གི་སྣེ་ཙམ་མ་ཡིན་པར་གོ་ལ་ཡོངས་རྫོགས་ཀྱི་དྲོད་ཚད་མཐོ་རུ་འགྲོ་བཞིན་ཡོད་ལུགས་ཚན་པ་ཕལ་ཆེ་བས་བཤད་ཀྱི་ཡོད་པ་དང་། ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཡིན་ཡང་གོ་ལའི་ལྷོ་བྱང་གི་སྣེ་རུ་དྲོད་ཚད་དམའ་རུ་འགྲོ་བཞིན་ཡོད་ལུགས་བཤད་མཁན་ཡང་ཡོད། ཚན་རིག་པའི་བར་ལ་བསམ་ཚུལ་མི་འདྲ་བ་གཉིས་བྱུང་བར་བརྟེན། ཉེ་ཆར་ཚན་རིག་མཁས་པའི་ལྷན་ཚོགས་ཞིག་གིས་འདིའི་ཐད་དངོས་ཡོད་གནས་ཚུལ་གང་ཡིན་བརྟག་དཔྱད་ཅིག་བྱེད་འགོ་བརྩམས་པ་དང། ཁོང་ཚོས་ལྷོ་སྣེ་ས་ཁུལ་དུ་གནམ་གཤིས་དཔྱད་ཁང་བཞི་བཅུ་ཞེ་གཉིས་ནས་སྲུང་སྐར་རྒྱུད་གནམ་གཤིས་ཀྱི་རྩིས་ཐོ་གང་ཐོབ་ཐམས་ཅད་གཅིག་ཏུ་བསྡུས་ནས་བརྟག་དཔྱད་ཀྱི་ཐབས་ལམ་གསར་པ་ཞིག་འགོ་འཛུགས་གནང་ཡོད། ཁོང་ཚོའི་རྙེད་དོན་ལ་གཞིགས་ན། ལོ་བཅུ་ཕྲག་འགའ་ཞིག་གི་སྔོན་ནས་ད་བར་ལྷོ་བྱང་གི་སྣེ་གཉིས་ཀྱི་ཚ་ཚད་མུ་མཐུད་འཕར་བཞིན་ཡོད་པ་དང། དེ་ཡང་ལྷོ་སྣེའི་ཨེན་ཊྲར་ཊྲི་ཀའི་ Antarctica གླིང་ཆེན་གྱི་ནུབ་ངོའི་འཁྱགས་རོམ་གྱི་ཁུལ་དུ་ཚ་དྲོད་ལྷག་པར་དུ་འཕེལ་བཞིན་ཡོད་འདུག གླིང་ཆེན་དེའི་བྱང་ངོས་ཀྱི་ས་ཁུལ་དེ་ལོ་རེར་དྲོད་ཚད་ཌིག་རི ༠་༡༧ ཙམ་འཕར་བཞིན་པ་ཤེས་རྟོགས་བྱུང་འདུག ཚོགས་སྡེ་འདིས་རྙེད་དོན་གཞན་ཞིག་ནི་ཨེན་ཊྲར་ཊྲི་ཀའི་ Antarctica གླིང་ཆེན་གྱི་ཤར་ལྷོའི་ས་ཁུལ་དུ་སྤྱི་ལོ་༡༩༥༧ ནས ༢༠༠༦ དུ་ཚ་དྲོད་མར་ཆགས་ཡོད་ཀྱང་གླིང་ཆེན་སྤྱིའི་ཆ་ནས་ད་བར་ཚ་དྲོད་ཆེ་རུ་ཕྱིན་པ་དང་མུ་མཐུད་འགྲོ་བཞིན་པ་ཡིན། འགྱུར་ལྡོག་འདི་དག་རྒྱུ་རྐྱེན་མང་དག་ཅིག་ལ་བརྟེན་པ་དང་ཆེས་རྙོག་འཛིང་ཅན་གྱི་རང་བཞིན་ཞིག་ཡིན་ཡང་གཙོ་བོ་གོ་ལ་ཡོངས་ཀྱི་ཚ་དྲོད་རིམ་འཕར་གྱི་རྒྱུ་རྐྱེན་ནི་ལྗང་ཁང་རླངས་རྫས་ green house gases མང་དྲགས་པ་ལ་བརྟེན་ནས་བྱུང་ཡོད།

ལྷོ་སྣེའི་གནམ་གཤིས་འགྱུར་བ་ལ་བརྟེན་ནས་དེར་འཚོ་གནས་བྱེད་བཞིན་པའི་སྲོག་ཆགས་པེན་གུན་སོགས་ལ་འཚོ་གནས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། ཁུལ་དེར་ལོ་རེའི་འཁྱགས་པ་ཆགས་ཚད་ཇེ་ཉུང་དུ་འགྲོ་བཞིན་པ་དང་ལྷན་དུ་པེན་གུན་གྱི་གྲངས་འབོར་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད། གནས་སྟངས་འདི་མུ་མཐུད་རྒྱུན་རིང་གནས་ཚེ་དུས་ཡུན་རིང་མིན་ཞིག་གི་ནང་བྱ་རིགས་འདི་རྩ་སྟོང་འགྲོ་རྒྱུ་མ་ཟད། གོ་ལ་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ཡིན་ལུགས་ཚན་རིག་པས་བཤད་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།