སྤེལ་མཁན། : tsenrig 11/30/2009



ཚན་རིག་པ་ཚོར་བྷེརེ་ཛིལ་གྱི་ཨ་མེ་ཛོན་ནགས་ཚལ་ནང་དུ་ཡ་མཚན་ཅན་གྱི་འབུ་གྲོག་མའི་རིགས་གསར་པ་ཞིག་རྙེད་སོན་བྱུང་ཡོད། འབུ་དེའི་གཟུགས་པོའི་ཁ་མདོག་ནི་སྐྱ་ཤིང། མིག་མེད་པ་དང་ཁའི་ཆ་ཤས་དེ་རང་གི་མགོའི་ཆ་ཤས་གཞན་ལས་ཆེ་བ་ཡོད་པ་ཞིག་ཡིན། གལ་ཏེ་རྒྱུས་མངའ་མེད་པའི་མི་ཞིག་གི་འགྲོ་ལམ་དུ་དེ་ལྟ་བུའི་འབུ་ཞིག་འཕྲད་ཚེ་དེ་ནི་ང་ཚོའི་གོ་ལ་འདི་ལས་གཞན་པའི་གཟའ་ཞིག་ནས་ཡོང་བའི་སྲོག་ཆགས་ཤིག་ལ་ངོས་འཛིན་བྱེད་སྲིད། ཚན་རིག་པ་ཚོས་འབུ་དེའི་མིང་ལའང་རྩེད་མོ་དང་བཅས་གཟའ་མིག་དམར་ནས་ཡོང་བ་ལྟར་བྱས་ཏེ་མཱར་ཤེ་ལིས་ཧུ་རེ་ཀ་ Martialis heureka ཞེས་བཏགས་ཡོད།

གསར་རྙེད་འདི་ལ་བརྟེན་ནས་ད་བར་ང་ཚོས་གྲོག་མའི་བྱུང་རབས་ཀྱི་ལོ་རྒྱུས་གང་ཤེས་པ་དེར་བསྐྱར་དུ་བསམ་གཞིགས་བྱེད་དགོས་པ་ཆགས་ཡོད། གྲོག་རིགས་འདི་ཐོག་མར་ཏེཀ་སེས་གཙུག་ལག་སློབ་གྲྭ་ University of Texas ནས་ཡིན་པའི་ཀི་རིས་ཤིན རེབ་ལིང་ལགས་ Christian Rabeling ཀྱིས་གསར་རྙེད་བྱུང་ཡོད་པ་དང་། གྲོག་མ་མཱར་ཤེ་ལིས་ཧུ་རེ་ཀའི་རིགས་རྫས་ལ་བརྟག་དཔྱད་བྱེད་སྐབས་གྲོག་རིགས་གཞན་དང་ཉེ་འབྲེལ་དེ་ཙམ་མེད་པ་ཤེས་རྟོགས་བྱུང་ཡོད། གསར་རྙེད་འདི་ནི་དེ་སྔོན་༡༩༢༣ལོར་གྲོག་རིགས་གསར་པ་ཞིག་རྙེད་པའི་རྗེས་ཀྱི་གྲོག་རིགས་གསར་རྙེད་ཐོག་མ་དེ་ཆགས་ཡོད་པ་དང་། བརྟག་དཔྱད་ཀྱི་བརྒྱུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན་གྲོག་མ་མཱར་ཤེ་ལིསེ་ནི་འཛམ་གླིང་ཐོག་གྲོག་མ་གཞན་ལས་ཆེས་སྔ་མོའི་དུས་སུ་བྱུང་བ་ཞིག་ཡིན། གྲོག་མ་འདིའི་གཟུགས་པོ་སྐྱ་མདོག་ཡིན་པ་དང་མིག་མེད་པ་ལ་བརྟེན་ནས་འབུ་འདི་རིགས་སའི་འོག་ཏུ་ཡུན་རིང་པོ་གནས་ཡོད་པ་དང་འཚོ་གནས་ཀྱང་སའི་འོག་ཏུ་བྱེད་ཀྱི་ཡོད་པ་ཤེས་ཐུབ། དེ་སྔོན་ཤེས་རྟོགས་ཡོད་པའི་གྲོག་རིགས་རྙིང་གྲས་འགའ་ཞིག་ཀྱང་ས་འོག་ཏུ་གནས་མཁན་ཡིན་པར་བརྟེན་ད་ཆ་ཚན་རིག་པ་ཚོས་གྲོག་མའི་རིགས་འདི་དག་ཐོག་མར་ས་འོག་ནས་འཕེལ་འགྱུར་བྱུང་བ་ཞིག་ཡིན་དང་ཡང་ན་ས་སྟེང་དུ་འཕེལ་འགྱུར་བྱུང་བ་ཞིག་ཡིན་མིན་ཐད་བསམ་གཞིག་བྱེད་བཞིན་ཡོད། །

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།