སྤེལ་མཁན། : tsenrig 11/30/2009



རྒྱུན་དུ་བོད་ཀྱི་གྲྭ་བཙུན་ཚོས་རང་གི་མི་ཚེའི་ནང་ནུས་པ་ཕལ་ཆེ་བ་སེམསཀྱི་སློབ་གཉེར་ཆེད་གཏོང་བ་ལས་ཕྱིའི་གཟུགས་ཅན་དངོས་པོའི་ཆེད་གཏོང་གི་མེད། འོན་ཀྱང་འདི་ལོའི་དཔྱིད་དུས་སུ་གྲྭ་བཙུན་༩༡ཅན་གྱི་ཚོགས་སྡེ་ཞིག་གིས་ཟླ་བ་གཅིག་རིང་ཚན་རིག་གི་ཞིང་དུ་སྐྱོད་རྒྱུའི་ཐག་གཅོད་བྱས་ཡོད། ཁོང་ཚོས་ནང་པའི་གཞུང་དུ་གསལ་བའི་ལས་འབྲས་ཀྱི་རྣམ་གཞག་དང་སྟོང་ཉིད་ཀྱི་ལྟ་བ་ལས་ལྡོག་ཏེ་གྷེ་ལི་ལོའི་མྱུར་སྣོན་གྱི་ཁྲིམས་དང་། ཚོན་རྫས། ཀླད་རྩ། གས་སྒྲ་ཆེན་མོ་སོགས་དེ་དང་མཉམ་པའི་ཚན་རིག་གི་བརྗོད་གཞི་ཁག་གི་ཐོག་སློབ་གཉེར་བྱས་ཡོད། ཚོགས་སྡེའི་ནང་གི་ཚོགས་མི་ཕལ་ཆེ་བ་ལོ་ན་ཉི་ཤུ་ནས་བཞི་བཅུའི་བར་ཡིན་པ་དང་། སྔོན་ཆད་ཚན་རིག་དང་ཨང་རྩིས་ལ་སློབ་གཉེར་ནམ་ཡང་བྱེད་མྱོང་མེད། བོད་ཀྱི་དགོན་སྡེ་ཁག་གི་ནང་སློབ་གཞི་ཕལ་ཆེ་བ་མི་ལོ་སྟོང་ཕྲག་རིང་འགྱུར་བ་མེད་པར་གནས་ཡོད། གདོང་ལེན་འཕར་མ་ཞིག་ནི། དགོན་སྡེ་འགའ་ཞིག་ནང་དབྱིན་ཡིག་གི་ཤེས་ཚད་ངེས་ཅན་ཞིག་ལས་མེད་པས་བདུན་ཕྲག་བཞིའི་རིང་ཨ་རིའི་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཚོས་སློབ་ཁྲིད་བྱས་པའི་དངོས་ཁམས་རིག་པ་དང་། ཀླད་རྩའི་ཚན་རིག དེ་བཞིན་རྩིས་དང་ཚད་མ་སོགས་ཀྱི་གོ་དོན་རྟོགས་པར་བོད་པའི་སྐད་སྒྱུར་ཚོར་བསྟེན་དགོས་ཀྱི་ཡོད།

འོན་ཀྱང་དགོན་སྡེའི་སློབ་གཉེར་བ་ཚོས་སྔ་དྲོ་ནས་དགོང་དྲོ་བར་སློབ་ཁྲིད་བྱས་པའི་བརྗོད་གཞི་ཁག་ལག་བསྟར་ཡོང་བ་བྱེད་ཀྱི་ཡོད། རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་༸གོང་ས་མཆོག་གི་བཙན་བྱོལ་གྱི་བསྟི་གནས་ཡུལ་དྷ་རམ་ས་ལའི་ཉེ་འདབས་སུ་ཡོད་པའི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཞིག་གི་ནང་ངུར་སྨྲིག་གྲྭ་བཙུན་ཚོས་དཔྱང་རྡོ་དང་ལྷན་དུ་བརྟག་དཔྱད་བྱེད་པ་དང་། ཧི་མ་ལ་ཡི་རི་འདབས་ནས་རང་འབྱུང་འདེམས་སྒྲུག་སྟོན་པའི་རྩི་ཤིང་བསྡུ་སྒྲུབ་བྱེད་པ་དང་། སྐྲ་མེད་པའི་མགོ་བོ་སྒུར་ནས་ཕྲ་མཐོང་ཆེ་ཤེལ་རྒྱུད་ལྐོག་ཏུ་གྱུར་བའི་འཇིག་རྟེན་ཞིག་ལ་བལྟ་བཞིན་འདུག

སྤྱིར་བོད་ཀྱི་གྲྭ་བཙུན་ཚོས་ཉིན་རེར་ཚོུད་བཅུ་གཉིས་ཙམ་གྱི་རིང་ནང་པའི་ལྟ་གྲུབ་དང་ཚད་མར་སློབ་གཉེར་དང་། ཁ་འདོན། དཔེ་ཆའི་སྐོར་བགྲོ་གླེང་སོགས་བྱེད་ཀྱི་ཡོད། འོན་ཀྱང་༸གོང་ས་མཆོག་གིས་བོད་ཀྱི་དགོན་སྡེ་ཁག་དང་སློབ་གྲྭའི་ནང་རང་གི་སྲོལ་རྒྱུན་གྱི་རིག་གནས་དང་ལྷན་དུ་དེང་དུས་ཤེས་ཡོན་གལ་ཆེ་ཡིན་ལུགས་ཡུན་རིང་ལམ་སྟོན་བྱས་པ་ལ་བརྟེན་ནས་ཚན་རིག་སྦྱོང་བར་དམིགས་གསལ་གྱི་སྐུལ་མ་ཞིག་ཐེབས་ཡོད། རྒྱ་གར་ནི་ཉུང་མཐར་ཡང་བོད་མི་ཆིག་འབུམ་ཉིས་ཁྲི་ལྷག་གི་སྡོད་གནས་ཡིན་པ་དང་བོད་ཀྱི་ཕྱི་རོལ་དུ་བོད་མི་མང་ཤོས་གནས་ཡུལ་དེ་ཆགས་ཡོད། ཚན་རིག་དང་བོད་པའི་ཆོས་སྤྱོད་ཀྱི་ཕྱག་ལེན་བར་མི་མཐུན་པ་ལྟ་བུ་མངོན་སྲིད་པ་དང་། གནད་ཡོད་བོད་ཀྱི་བླ་མ་ཚོའི་སྐྱེ་སྲིད་རྨི་ལམ་དང་བཀྲིས་ཀྱི་རྟགས་སོགས་ལ་བསྟེན་ནས་ངོས་འཛིན་བྱེད་ཀྱི་ཡོད། སྤྱི་ལོ་༡༩༥༩ལོར་རྒྱ་དམག་གིས་ལྷ་སར་དཔུང་འཇུག་བྱེད་སྐབས་༸གོང་ས་མཆོག་བྲོས་བྱོལ་དུ་ཕེབས་རྒྱུའི་ཐག་གཅོད་ཐད་གཞུང་བསྟེན་སྲུང་མས་མགོན་སྐྱབས་བྱས་ལུགས་གསུངས་ཡོད། འོན་ཀྱང་བོད་ཀྱི་ནང་པའི་དབུ་ཁྲིད་ཁོང་གི་ཆོས་ཚན་གཉིས་ཕན་ཚུན་མཐུན་ཕྱོགས་སུ་གཟིགས་པ་དང་། དེ་ཡང་ཁོང་གིས། བདེན་དོན་འཚོལ་བའི་དམིགས་ཡུལ་ཐུན་མོང་བ་ཞིག་གི་ཆེད་དུ་བརྟག་དཔྱད་ཀྱི་ལམ་ལ་བསྟེན་པ་གཅིག་མཚུངས་ཡིན་ཞེས་ཁོང་གི་ཕྱག་དེབ་རྡུལ་གཅིག་ཁོ་ནའི་སྟེང་གི་འཇིག་རྟེནཞེས་པའི་ནང་བཀོད་ཡོད། ཕྱག་དེབ་འདི་ནི་ཆོས་ཚན་གཉིས་ཀྱིས་གོ་ལར་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་མིན་བསྟན་པའི་ཕྱག་དེབ་ཅིག་ཡིན། ཁོང་གིས་དགོན་སྡེ་ཁག་གི་ནང་སེམས་ཀྱི་སྐོར་དང། སེམས་དང་ཀླད་པའི་འབྲེལ་བའི་ཐད་སློབ་གཉེར་བྱེད་མཁན་ཚོས་ཚན་རིག་སྦྱོང་རྒྱུ་དེ་བས་གལ་གནད་ཆེལུགས་ནན་བརྗོད་བྱས་ཡོད། ལས་གཞི་འདིར་ཐོག་མར་གྲྭ་རྒན་འགའ་ཞིག་ནས་གདན་སའི་སྲོལ་རྒྱུན་གྱི་ལམ་ལུགས་ལ་དོ་ཕོག་ཡོང་དོགས་ཀྱི་འགོག་རྒོལ་བྱེད་མཁན་བྱུང་ཡོད་ཀྱང་དེ་དག་རིམ་བཞིན་ཉུང་དུ་ཕྱིན་ཡོད། ད་ཆ་༸གོང་ས་མཆོག་ནས་ཨེ་མོ་རི་དང་སྒྲིགས་འཛུགས་ཁག་གི་རོགས་སྐྱོར་ལ་བརྟེན་ནས་གདན་ས་ཁག་གི་སློབ་གཞིའི་ནང་ཚན་རིག་འཇོག་ཐུབ་པ་ཞིག་དང་། ཆེད་སྦྱོང་བྱས་པའི་སྐད་སྒྱུར་དང་བོད་ཡིག་ཐོག་ཡོད་པའི་ཚན་རིག་སློབ་དེབ་སོགས་སྐྲུན་ནས་མཐར་ཚན་རིག་གི་གོ་བརྡ་ཚུལ་བཞིན་ལོན་པའི་དགེ་འདུན་པའི་མི་རབས་ཤིག་སྐྲུན་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ནང་ཆོས་དང་ཚན་རིག་མཉམ་འབྲེལ་བྱེད་དགོས་པའི་རྒྱུ་མཚན་ཞིག་ནི། འདི་ལོ་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་༥༠ འཁོར་བ་དང་ཕྱིར་རང་ཡུལ་དུ་ག་དུས་ལོག་ཐུབ་མིན་ཡང་ཆ་མེད་ཡིན། དགུང་ལོ་༧༤ལ་ཕེབས་པའི་༸གོང་ས་མཆོག་གི་སྐུ་ན་བགྲེས་རིམ་བཞིན་བོད་ཀྱི་རིག་གཞུང་གི་ངོ་བོ་དེང་དུས་དང་མཚམས་པ་ཞིག་གི་ཐོག་ནས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡང་ཛ་དྲག་ཞིག་ཏུ་གྱུར་ཡོད། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། གལ་ཏེ་ཁྱེད་རང་འབྲེལ་མེད་ཁེར་རྐྱང་དུ་གནས་ཚེ་རིམ་བཞིན་ཡལ་འགྲོ་ཡི་རེད་ཅེས་ཟེར། ༸གོང་ས་མཆོག་ནས་ཀྱང་བོད་དེ་ཁེར་རྐྱང་དུ་བསྡད་པའི་རྒྱུ་མཚན་གྱི་མཐར་རྒྱ་འོག་ཏུ་ཤོར་ལུགས་ནན་བརྗོད་བྱེད་ཀྱི་ཡོད།མ་ཟད་ལྷག་རྡོར་ལགས་ནས་ཆོས་ཚན་གཉིས་མཐུན་ཕྱོགས་ལས་འགལ་ཟླར་གཟིགས་ཀྱི་མེད། ཁོང་གིས། ནང་ཆོས་བཞིན་སྤྱིར་ཚན་རིག་གི་ཐབས་ལམ་ཡང་དཔྱད་པ་དང་བདེན་དོན་འཚོལ་ཞིབ་ཀྱི་ཐོག་ནས་ཕྱོགས་ལྷུང་མེད་པར་རྙེད་དོན་ལ་བསྟེན་པ་ཞིག་ཡིན་ཞེས་གསུངས་ཡོད། གཞན་འགའ་ཞིག་ཚན་རིག་སྦྱོང་རྒྱུར་འཛེམ་བག་གང་ཡང་མེད་པ་དང་། དེ་ཡང་འདི་ལོར་ཚན་རིག་ལས་འཆར་ནས་གསར་བཞུགས་བྱས་པ་དང་ལོ་ན་༣༤ལ་སོན་པའི་བཙུན་མ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱི་བཤད་དོན། འདི་ནི་དུས་རབས་ཉི་ཤུ་རྩ་གཅིག་པ་ཡིན་པ་དང་ཐམས་ཅད་ཚན་རིག་གི་ཤུགས་རྐྱེན་འོག་ཏུ་ཚུད་ཡོད་ཅེས་ཟེར། ཁོང་ནི་དྷ་སར་ཡོད་པའི་བཙུན་དགོན་ཞིག་གི་ནང་མི་ལོ་༡༩རིང་ནང་ཆོས་ལ་སློབ་གཉེར་བྱས་ཡོད་རུང་དེང་དུས་ཀྱི་སློབ་གྲྭར་འགྲིམས་མྱོང་མེད། མོ་རང་ལ་མཚོན་ན་ཨང་རྩིས་སྦྱོང་རྒྱུ་དཀའ་བ་དང་སིལ་གྲངས་དང་བརྒྱ་ཆ་བགོ་ཚུལ་སོགས་གསར་པ་ཆགས་ཡོད། འོན་ཀྱང་ངས་འབད་བརྩོན་བྱེད་ཀྱི་ཡིན་ཞེས་མོ་རང་གི་ཁས་ལེན་བྱས་སོང།

ད་ལྟའི་ལས་གཞི་འདི་ནི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་གྱི་ཆ་ཤས་ཤིག་དང་ད་ཆ་ལོ་རིམ་གཉིས་པར་སླེབས་ཡོད། དེ་སྔོན་སྤྱི་ལོ་༢༠༠༡ནས་དགེ་འདུན་པའི་ཆེད་དུ་ཚན་རིག་ཅེས་པའི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད་པ་དང་། དེ་ཡང་ཨ་རིའི་བྷོ་སོ་ཊོན་གྲོང་ཁྱེར་ནས་ཡིན་པའི་སྐུ་ཞབས་སེ་སྒར་ལགས་ཀྱི་རོགས་སྐྱོར་འོག་གོ་སྒྲིག་བྱས་པ་ཞིག་ཡིན། ༸གོང་ས་མཆོག་གི་དགོངས་གཞི་ལྟར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་མང་དག་ཅིག་གི་དགེ་རྒན་བོད་ཀྱི་གྲྭ་བཙུན་ཚོར་ཚན་རིག་སློབ་ཁྲིད་བྱེད་དུ་ཕེབས་ཡོད།

ལས་གཞི་དེ་ནས་ད་ཆ་བོད་ཀྱི་དཔེ་མཛོད་ཁང་གི་རོགས་སྐྱོར་འོག་ཡོང་རྒྱུའི་ལོ་ཤས་ནང་བོད་ཀྱི་དགོན་སྡེ་ཁག་གི་ནང་ཚན་རིག་སློབ་ཁྲིད་བྱེད་རྒྱུའི་ཨེ་མོ་རི་དང་མཉམ་འབྲེལ་གྱི་ལས་གཞི་འདི་བྱུང་བ་རེད། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འདིས་ཚན་རིག་གི་སློབ་དེབ་ཅིག་དབྱིན་བོད་ཤན་སྦྱར་གྱིས་དཔར་འགྲེམས་བྱས་ཡོད་པ་དང་། སློབ་གཞི་ཨེ་མོ་རིའི་སློབ་དཔོན་ཚོས་གོ་སྒྲིག་བྱས་པ་དང་བོད་ཀྱི་དཔེ་མཛོད་ཁང་གིས་བོད་སྒྱུར་བྱས་ཡོད། དེ་བཞིན་ཚན་རིག་ཐ་སྙད་ཕབ་སྒྱུར་བགྲོ་གླེང་ཐེངས་མང་ཚོགས་པ་ལ་བརྟེན་ནས་ཚན་རིག་གི་ཐ་སྙད་ལག་དེབ་ཅིག་དཔར་སྐྲུན་བྱས་ཡོད། འདིར་ཚན་རིག་གི་ཐ་སྙད་གློག་སྡུད་ཁབ་ལེན་དང་གནམ་གཤིས་འགྱུར་ལྡོག ངོ་འདྲ་རིགས་སྐྲུན་སོགས་བོད་ཀྱི་མིང་ཚིག་ནང་བཅུག་ཡོད།
དེ་སྔོན་དགེ་འདུན་པའི་ཆེད་དུ་ཚན་རིག་ཅེས་པའི་ལས་འཆར་དེ་ད་ཆ་ལོ་རེར་བདུན་གཉིས་ཙམ་རིང་གཙོ་སྐྱོང་བྱེད་བཞིན་པའི་ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་གི་ངོ་བོར་འཕོ་འགྱུར་བྱུང་བ་དང་ཚོགས་མི་ཕལ་ཆེ་བ་དགེ་བཤེས་ཏེ་གྲྭ་སའི་སློབ་དཔོན་ཚོ་ཡིན། འདི་ལོ་སྤྱི་ཟླ་༦ཚེས་༢༢ནས་ཚེས་༢༤བར་དགེ་འདུན་པ་ཚོའི་ཚན་རིག་གི་འགྲེམ་སྟོན་ཐེངས་དང་པོ་དེ་འཚོགས་ཡོད་པ་དང་སྐབས་དེར་དགེ་འདུན་པ་ཚོས་སྒྲ་རླབས་དང་། འཇིག་རྟེན་གྱི་འབྱུང་ཁུངས། ཀླད་པའི་བྱ་བ་བྱེད་ཚུལ་སོགས་ཀྱི་སྐོར་གཏམ་བཤད་དང་འགྲེམ་སྟོན་བྱས་ཡོད། ཨེ་མོ་རིའི་དབྱར་དུས་ཀྱི་སློབ་གཞི་འདི་ལོ་ལྔའི་ལས་འཆར་ཞིག་དང་ལོ་རེ་བཞིན་འཛིན་གྲྭ་རིམ་འཕར་གྱི་ཐོག་ནས་སློབ་ཚན་གྱི་གནས་ཚད་ཇི་མཐོར་གཏོང་རྒྱུ་ཡིན་འདུག

ཆོས་དང་ཚན་རིག་ཕྲད་པ་ཞེས་པའི་ལས་གཞི་གསུམ་པ་ཞིག་གི་འོག་སྤྱི་ལོ་༢༠༠༢ནས་ཡོ་རོབ་ནང་མཐོ་སློབ་ཐོན་ཟིན་པའི་སློབ་མ་ཚོར་རྒྱ་གར་ནང་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་གི་ནང་གཞི་རིམ་གྱི་ཚན་རིག་སློབ་ཏུ་གཏོང་གི་ཡོད། དེར་བརྟེན་གོང་གི་ལས་འཆར་ནང་འཛུལ་བཞུགས་བྱས་པའི་སློབ་མ་འགའ་ཞིག་ལ་ལོ་ཤས་རིང་གཞི་རིམ་ཚན་རིག་གི་གོ་རྟོགས་ཡོད་པ་ཡིན། དགོན་སྡེ་ཁག་གི་ནང་དངོས་སུ་ཚན་རིག་ཇི་ལྟར་སློབ་ཁྲིད་བྱེད་མིན་ཐད་ལས་ཀ་མུ་མཐུད་བྱེད་མུས་དང། དུས་ཡུན་གང་ཙམ་རིང་ནུབ་ཕྱོགས་དགེ་རྒན་ཚོས་སློབ་ཁྲིད་བྱེད་རྒྱུ་དང་རིམ་པས་ས་གནས་བོད་རིགས་དགེ་རྒན་འདེམས་སྒྲུག་གི་ཐོག་ནས་ལོ་འཁོར་མར་ཚན་རིག་སློབ་ཁྲིད་བྱེད་རྒྱུ་ཡིན་འདུག བཙན་བྱོལ་བོད་མིའི་སློབ་གྲྭའི་སྒྲོམ་གཞིའི་ནང་ཚན་རིག་སློབ་ཚན་ཡོད་བཞིན་པ་དང་རྒྱ་བལ་འབྲུག་གསུམ་གྱི་ནང་བོད་ཕྲུག་ཁྲི་གཉིས་དང་བརྒྱད་སྟོང་ཙམ་ལ་སློབ་སྦྱོང་སྤྲོད་བཞིན་པ་ཡིན།

གནས་སྐབས་རིང་དབྱར་དུས་ཚན་རིག་སློབ་ཁྲིད་བྱེད་པར་མཐོ་སློབ་དགེ་རྒན་ཚོ་དགོས་ཀྱི་ཡོད། གྲྭ་བཙུན་ཚོར་ཚན་རིག་གི་གོ་རྟོགས་དབེན་ཀྱང་ལྟ་གྲུབ་སོགས་རིག་གནས་གཞན་ལ་བྱང་ཆུབ་པའི་སྦྱོང་བརྡར་ཡོད། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་ཀྱི་སློབ་དཔོན་མརཀ རིསིཇོར་ལགས་ཀྱིས་བཤད་དོན། ཁོང་ཚོ་རྙོག་འཛིང་ཅན་གྱི་ནར་སོན་སློབ་གཉེར་མཁན་རེད་ཅེས་དང་། ཁོང་གི་བདུན་གཅིག་རིང་སློབ་ཁྲིད་བྱེད་སྐབས་དགེ་འདུན་པ་ཚོས་སྤྱི་ནས་བྱེ་བྲག་སྒྲུབ་ཚུལ་གྱི་ཐབས་ལམ་སྟོན་དགོས་པ་དང་དམ་བཅའ་ཐ་དད་ལ་སྒྲུབ་བྱ་ཐུན་མོང་བ་ཡོང་སྲིད་མིན་སྐོར་དྲི་རྩད་བྱས་བྱུང་ཟེར། ནང་པའི་གཞུང་དུ་ཆོས་དང་སེམས་ཀྱི་རང་བཞིན་ལ་འགྲེལ་ལུགས་ཐུན་མོང་མ་ཡིན་པ་ཡོད་ཀྱང་ཆོས་ཚན་བར་འགལ་བ་མཐོང་སྐབས་སློབ་ཕྲུག་ཚོས་ཧང་སང་མདོག་བྱེད་ཀྱི་མེད།

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པ་ནས་ཡིན་པ་དང་ལོ་ན་༢༧ལ་སོན་པའི་བློ་བཟང་མགོན་པོ་ལགས་ཀྱིས་བཤད་དོན། ནང་པའི་ལྟ་གྲུབ་རང་གི་ནང་དུ་ཡང་མི་མཐུན་པ་ཡོང་གི་ཡོད་ཅེས་དང་། བོད་ཀྱི་ནང་པ་ཚོར་ལྟ་ཚུལ་འདྲ་མིན་ལ་དཔྱད་པ་བྱེད་པའི་གོམས་སྲོལ་སྔར་ནས་ཡོད་ཅེས་གསུངས། ༸གོང་ས་མཆོག་གིས་གདེངས་ཚོད་ངང་གསུངས་བཞིན་པའི་དཔྱད་པ་མཐར་ཕྱིན་པ་ཞེས་པའི་གོ་དོན་ནི། དེ་ཡང་ཁོང་གིས། གལ་ཏེ་ཚན་རིག་གི་དཔྱད་ཞིབ་ཐོག་ནས་ནང་པའི་འདོད་ཚུལ་གང་ཞིག་ཐག་ཆོད་པའི་ཐོག་ནས་ཁྲུལ་བ་སྒྲུབ་ཐུབ་ཚེ་ང་ཚོས་ཚན་རིག་གི་རྙེད་དོན་གྱི་རྗེས་སུ་འབྲངས་ནས་འདོད་ཚུལ་དེ་དག་དོར་དགོས་ཅེས་ཁོང་གི་ཕྱག་དེབ་རྡུལ་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་པའི་ནང་བཀོད་ཡོད། བཙུན་པ་ལྷ་སྒྲོན་ལགས་ནས་བསྐྱར་སྣོན་བྱས་དོན། ནང་པ་ཚོས་དངོས་ཡོད་ཀྱི་གནས་ལུགས་གང་ཡོད་པ་དེར་ཁས་ལེན་བྱེད་པ་ལས་དཔེ་ཆ་ག་གེ་མོ་ཞིག་གི་ནང་གང་བཀོད་མིན་ལ་དེ་ཙམ་བལྟ་ཡི་མེད་ཅེས་ཟེར།

བོད་ཀྱི་དགོན་སྡེ་ཚོས་ལས་གཞི་རྒྱ་སྐྱེད་བྱེད་བཞིན་པ་དང་ལྷན་དུ་ནུབ་ཕྱོགས་པ་ཚོས་ཀྱང་དེ་བཞིན་དུ་བྱེད་ཀྱི་ཡོད། དཔེར་ན། སྒོམ་གྱི་ཐོག་ནས་ལུས་ཁམས་ལ་ཤུགས་རྐྱེན་ཇི་ཙམ་སྤྲོད་མིན་སོགས་ལུས་སེམས་ཀྱི་འབྲེལ་བའི་སྐོར་ནུབ་ཕྱོགས་པའི་ཁྲོད་དུ་དོ་སྣང་ཇི་ཆེར་འགྲོ་བཞིན་ཡོད། ཨེ་མོ་རིའི་ལས་འཆར་གསར་པ་ཞིག་གི་ནང་དེ་གའི་མཐོ་རིམ་སློབ་མ་བཅུ་བཞི་དྷ་རམ་ས་ལར་ནང་ཆོས་དང་བོད་སྨན་སྐོར་སློབ་གཉེར་བྱེད་དུ་སླེབས་ཡོད། ཚན་རིག་ལས་འཆར་འདིའི་ཐོག་ནས་རྗེས་སོར་བོད་ཀྱི་གྲྭ་བཙུན་དང་ཚན་རིག་པའི་ལྷན་དུ་བགྲོ་གླེང་བྱེད་རྒྱུའི་འགྲོ་ལམ་སྐྲུན་གྱི་ཡོད། ལས་གཞི་འདི་ནི་༸གོང་ས་མཆོག་གིས་རྒྱུན་སྐྱོང་གནང་བ་ཞིག་དང་ལོ་ལྟར་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ནང་པའི་དགེ་འདུན་པ་ཚོའི་བར་ཨ་རི་དང་དྷ་ས་གང་རུང་དུ་སེམས་དང་སྲོག་གི་བགྲོ་གླེང་ཞེས་པ་ཚུགས་བཞིན་ཡོད། ཨེ་མོ་རི་དང་བོད་ཀྱི་ལས་འཆར་གྱི་འགན་འཛིན་དགེ་བཤེས་བློ་བཟང་ནེ་གྷི་ལགས་ཀྱིས་འདིའི་ཐད་གསུངས་དོན། གལ་ཏེ་གྲྭ་བཙུན་ཚོར་ཚན་རིག་གི་གོ་རྟོགས་མེད་ཚེ་ཚན་རིག་པ་དང་ལྷན་དུ་གྲོས་མོལ་བྱེད་མི་ཐུབ་ཅེས་ཟེར། དེ་བཞིན་ལས་གཞི་འདིའི་ཐོག་ནས་ནུབ་ཕྱོགས་དགེ་རྒན་ཚོའི་མཐོང་རྒྱ་ཡང་གོང་མཐོར་བཏང་ཡོད། དེ་ཡང་རིག་གཞུང་གཞན་ཞིག་གི་ནང་དུ་སློབ་ཁྲིད་བྱེད་པ་དང་ཡང་ན་འགྲོ་བ་མིའི་བཟང་སྤྱོད་དང་རིན་ཐང་སོགས་ནང་ཆོས་ནང་ནན་བརྗོད་བྱས་པ་དེ་དག་གི་བརྒྱུད་ནས་ཚན་རིག་ལ་བལྟ་བ་དང་བསམ་བློ་གཏོང་བ་སོགས་ཀྱི་ཐོག་ནས་ཡོང་གི་ཡོད། ཨེ་མོ་རིའི་སྐྱེ་དངོས་ཚན་རིག་པ་ཨར་རི ཨིསེན་ལྟ་བུར་མཚོན་ན། དགེ་འདུན་དང་བཙུན་མ་ཚོར་སློབ་ཁྲིད་བྱས་པ་དེས་བསམ་བློ་བཟང་ཕྱོགས་སུ་སྒྱུར་བར་ཕན་ཐོགས་བྱུང་བ་དང་ནུབ་ཕྱོགས་ཤེས་ཡོན་ནང་དེ་ལྟར་གཞན་ཕན་གྱི་བསམ་བློའི་སྐོར་སློབ་ཁྲིད་བྱེད་ཀྱི་མེད་ཅེས་གསུངས་སོང། སློབ་དཔོན་དང་ཁོར་ཡུག་བཟོ་སྐྲུན་གྱི་མཁས་དབང་བྷི་ར་སི ཇོན་སོན་ལགས་ཀྱིས། ནུབ་ཕྱོགས་སུ་ཚན་རིག་གི་ཡར་ཐོན་ཤིན་ཏུ་ཆེ་སྲིད་ཀྱང་བཟང་སྤྱོད་ཀྱི་སྟོང་ཆ་ཞིག་དང་མ་ཚང་བ་ཞིག་ཡོད་ཅེས་དང་། ནང་ཆོས་དང་ཚན་རིག་ཕྲད་པ་ནི་བརྗེ་ལེན་བཟང་པོ་ཞིག་དང་ཚན་རིག་ཚོར་ཡང་དེ་བཞིན་གྱི་གལ་གནད་ཆེ་བ་ཡིན་ཞེས་གསུངས་སོ།

མཆན། ཨ་མི་ཡིའི་ལགས་ཀྱི་ཕྱོགས་སྒྲིག་གནང་བའི་རྩོམ་ཡིག་འདི་སྤྱི་ལོ་༢༠༠༩་ཟླ༦་ཚེས་༣༠་ཉིན་ཨ་རིའི་ནིའུ་ཡོག་གསར་ཤོག་ཐོག་བཀོད་ཡོད་པ་ལས་ཕབ་སྒྱུར་བྱས་པ་ཡིན།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།