སྐྱེ་དངོས་ཚན་རིག་པ་ཌར་ཝིན་གྱིས་སྤྱི་ལོ ༡༨༦༠ ལོར་རང་གི་གྲོགས་པོ་ཞིག་ལ་བཀུར་བའི་ཡི་གེའི་ནང་ཁོ་རང་རྨ་བྱའི་གཤོག་སྒྲོ་མཐོང་བ་ཙམ་གྱིས་ཞེ་ལོག་པའམ་མི་བདེ་བ་ཡོང་གི་འདུག་བཅས་བཀོད་ཡོད། ཡི་གེ་དེ་ཆ་ཚང་བཀླགས་ཚེ་གོང་གི་སྐད་ཆ་དེ་རྩེད་མོའི་ཚུལ་དུ་བྲིས་པ་ཞིག་ཡིན་པ་ཤེས་ཐུབ་ཀྱང་། དེར་རྒྱུ་མཚན་གཞན་ཞིག་ཀྱང་ཡོད། ཌར་ཝིན་ནི་ལོ་བརྒྱ་ཕྲག་གཉིས་སྔོན་གྱི་མི་ཞིག་ཡིན་ཡང་ཁོང་གིས་བཤད་བཞིན་པའི་རྨ་བྱ་དེ་ད་ལྟ་ང་ཚོས་མཐོང་བཞིན་པའི་རྨ་བྱ་འདི་རང་ཡིན་པ་ལས་འགྱུར་བ་ཆེ་བ་བྱུང་མེད། སྤྱིར་རྨ་བྱའི་གཤོག་པ་ནི་ལྟ་ན་སྡུག་པ་ཞིག་དང་ཚང་མས་དགའ་པོ་བྱེད་ཀྱི་ཡོད་ཀྱང་འདིས་ཌར་ཝིན་ལ་ཞེ་ལོག་སྐྱེ་འཇུག་དོན་གང་ཡིན་ནམ་ཞེ་ན། ཁོང་གིས་མི་ཚེ་ཧྲིལ་པོར་དཀའ་སྤྱད་ཀྱིས་གསར་གཏོད་བྱས་པའི་རྣམ་གཞག་ལ་འགོག་རྐྱེན་ཞིག་ཆགས་ཡོད། ཁོང་གིས་གསར་ཏུ་གཏོད་པའི་འཕེལ་འགྱུར་གྱི་རྣམ་གཞག་ནང་རྩི་ཤིང་དང་སེམས་ཅན་ཡོད་རིགས་ཐོག་མ་མེས་པོ་གཅིག་ནས་རིམ་བཞིན་འཕེལ་འགྱུར་བྱུང་ནས་ད་ལྟའི་གནས་སྟངས་འདི་བྱུང་བ་བཤད་ཡོད་པ་དང་། དེ་འདྲའི་འགྱུར་བ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་རང་འབྱུང་འདེམས་སྒྲུག་ལ་ཐུག་ཡོད། དེ་ཡང་ཁོར་ཡུག་བྱེ་བྲག་ཅིག་གི་ནང་རན་ཤོས་དང་མཐུན་རྐྱེན་ཚང་ཤོས་དེ་རང་འབྱུང་གིས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་དང་དེའི་ཐོག་ནས་རིགས་དེའི་རྒྱུན་གོང་འཕེལ་འགྲོ་ཡི་ཡོད། འོན་ཀྱང་ཕི་ཊི་ལྔ་ལྷག་ཡོད་པའི་རྨ་བྱའི་སྒྲོ་འདི་ཁོའི་འཚོ་གནས་ལ་མཐུན་རྐྱེན་ཞིག་མ་ཡིན་པར་དེ་ལས་ལྡོག་ཏེ་འགོག་རྐྱེན་ཞིག་ཆགས་ཡོད། གཤོག་སྒྲོའི་ལྗིད་ཚད་ཆེ་དྲགས་པས་འཕུར་སྐྱོད་ཚུལ་བཞིན་བྱེད་མི་ཐུབ་པ་མ་ཟད་ཟས་བཅུད་ཀྱི་ནུས་པ་ཤིན་ཏུ་མང་པོའི་འགྲོ་འགྲོན་གཏོང་དགོས་ཀྱི་ཡོད། འདི་ལྟར་གཤོག་སྒྲོ་མེད་པའི་རྨ་བྱ་མོ་དེ་དག་ཀྱང་འཚོ་གནས་བྱེད་ཐུབ་ཀྱི་ཡོད་པར་བརྟེན་རང་འབྱུང་འདེམས་སྒྲུག་གི་རྣམ་གཞག་ནང་དུ་གཤོག་སྒྲོ་འདིའི་བྱེད་ལས་ཚུད་ཀྱི་མེད་པར་བརྟེན་རྣམ་གཞག་འདི་ལམ་ལྷོང་ཡོང་བར་འགོག་རྐྱེན་ཞིག་ཆགས་ཡོད། དེ་ལ་བརྟེན་ནས་འདིས་ཌར་ཝིན་ལ་ཞེ་ལོག་འཇུག་པ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་མཐར་ཁོང་གིས་མཁྲེག་སྦྱོར་འདེམས་སྒྲུག་ Sexual Selection ཅེས་པ་ཞིག་གསར་གཏོད་གནང་དགོས་བྱུང་བ་དང། དེ་ཡང་སྲོག་ཆགས་གང་ཞིག་གི་རིགས་བརྒྱུད་སྐྱེ་འཕེལ་ཡོང་བ་ལ་རང་འབྱུང་འདེམས་སྒྲུག་ཙམ་མ་ཡིན་པར་མཁྲེག་སྦྱོར་གྱི་གཤིས་ཀ་དང་རང་གི་ཟླ་བོ་འདེམས་སྒྲུག་བྱེད་སྟངས་ཀྱང་གལ་ཆེ་ཡིན་པ་བཤད་ཡོད། རྨ་བྱ་ཕོའི་གཤོག་སྒྲོ་ལྟ་ན་སྡུག་པ་དེ་རང་འབྱུང་འདེམས་སྒྲུག་གི་ཐོག་ནས་འགལ་བའི་ཆ་རྐྱེན་ཞིག་ཆགས་ཡོད་ཀྱང་མཁྲེག་སྦྱོར་འདེམས་སྒྲུག་གི་ཐོག་ནས་མཐུན་པའི་ཆ་རྐྱེན་ཞིག་ཆགས་ཡོད། གཤོག་སྒྲོ་ཇི་ཙམ་ཆེ་བ་དང་མཛེས་པ་དེའི་ཚོད་ཀྱིས་རྨ་བྱ་མོ་ཚོས་དགའ་བོ་བྱེད་པ་དང་རང་གི་ཟླ་བོར་འདེམས་སྒྲུག་བྱེད་ཀྱི་ཡོད་པས། གཤོག་སྒྲོ་ཆེ་བའི་རྨ་བྱའི་རིགས་བརྒྱུད་གོང་འཕེལ་ཡོང་བར་མཐུན་པའི་ཆ་རྐྱེན་ཞིག་ཆགས་ཡོད། སྲོག་ཆགས་མོ་ཚོས་སྒྲོ་ཆེ་བ་དང་། སྤུ་མདོག་མཛེས་པ། རྭ་ཅོ་རིང་བ་དང་། མཆུ་རིང་བའི་ཕོ་རིགས་དང་ལྷན་དུ་ལུས་འབྲེལ་གྱིས་རིགས་བརྒྱུད་གསོ་སྐྱོང་བྱེད་ཀྱི་ཡོད་པའི་རང་བཞིན་འདིར་མཁྲེག་སྦྱོར་འདེམས་སྒྲུག་ཅེས་འབོད་ཀྱི་ཡོད།

Post a Comment

Previous Post Next Post