སྤེལ་མཁན། : tsenrig 12/01/2008





མིང། མ་ཡི་ཁལ ཧྥ་ར་ཌེ། 
སྐྱེས་ལོ། ༡༧༩༡
འདས་ལོ། ༡༨༦༧




ཁོང་གི་བརྟག་དཔྱད་དང་རྣམ་གཞག་དང་འབྲེལ་བའི་ལམ་རིམ་གྱི་ཐོག་ནས་དེང་དུས་དངོས་ཁམས་ཚན་རིག་དང་གློག་ཆས་བཟོ་ལས་ཀྱི་རྨང་གཞི་འགོ་ཚུགས་པ་རེད། ཁོང་གི་སློབ་ཁྲིད་དང་འབད་བརྩོན་ལྷོད་མེད་བྱས་པའི་རྒྱུ་མཚན་གྱིས་དུས་རབས་བཅུ་དགུ་པའི་དབྱིན་ཡུལ་གྱི་སྤྱི་ཚོགས་ནང་ཚན་རིག་ལ་གོ་ས་ངེས་ཅན་ཞིག་ཐོབ་ཡོད། ཁོང་ནི་དབྱིན་ཡུལ་གྱི་ས་གནས་ནིའུ་ལིང་ཊོན་ཞེས་པ་དེར་སྤྱི་ལོ་ ༡༧༩༡ ལོའི་ཟླ་བ་ ༩ ཚེས་ ༢༢ ལ་འཁྲུངས་པ་དང་། ཁོང་གི་ཕ་དམ་པ་ནི་ལྕགས་བཟོ་མཁན་གྱི་མགར་ར་ཞིག་ཡིན་པས་རིགས་དང་དཔལ་འབྱོར་གང་གི་ཆ་ནས་སྤྱི་ཚོགས་ནང་ཆེས་རྗེས་ལུས་ཡིན་པ་མ་ཟད་ཆོས་ལུགས་ཀྱི་ཐོག་ནས་ཡང་སེན་ཌི་མ་ནན་ཞེས་པའི་གྲངས་ཉུང་ཅན་གྱི་ཡེ་ཤུ་ཡི་ཆོས་བརྒྱུད་ཞིག་ལ་དད་པ་བྱེད་མཁན་ཞིག་དང་། ཁོང་ནི་མི་ཚེ་ཧྲིལ་པོའི་རིང་ཆོས་བརྒྱུད་དེར་དད་སེམས་ཤུགས་ཆེ་གནང་མཁན་ཞིག་རེད། ཁོང་གི་ཡིད་ཆེས་བྱེད་ཡག་ལ་རང་བྱུང་གི་གསང་བའི་གཏན་ཁྲིམས་ཐ་དག་དཀོན་མཆོག་གིས་འཇིག་རྟེན་བཀོད་པའི་སྐབས་སུ་བྲིས་གནང་བ་ཞིག་དང་དེ་དག་བཙལ་འཚོལ་བྱེད་པ་དང་སློབ་སྦྱོང་བྱེད་རྒྱུ་ནི་དཀོན་མཆོག་གི་གསང་བ་ཤེས་ཐབས་བྱེད་པ་ཞིག་ཡིན་པས་རྩ་ཆེར་འདོད་ཀྱི་ཡོད། ཁོང་ཐོག་མར་ལོན་ཌོན་ཉིན་སློབ་ཞིག་གི་ནང་སློབ་བཞུགས་བྱས་ཡོད་ཀྱང་མི་རིང་བར་དེ་ནས་ཕྱིར་ཐོན་གྱིས་དཔེ་དེབ་རྒྱབ་ཤོག་བཟོ་སྐྲུན་ཁང་ཞིག་གི་ནང་ལས་ཀ་བྱེད་དགོས་བྱུང་བ་རེད། སྐབས་དེར་ཁོང་ཚན་རིག་ལ་དོ་སྣང་ཆེན་པོ་བྱུང་བ་དང་ལས་ཞོར་དུ་ཚན་རིག་གི་གཏམ་བཤད་གང་མང་གསན་གནང་མཛད་པ་དང་དཔེ་དེབ་ཀྱང་གང་མང་བཀླགས་ཡོད།


སྤྱི་ལོ་ ༡༨༡༢ ལོར་རོ་ཡལ་གཙུག་ལག་སློབ་གཉེར་ཁང་དུ་སྐབས་དེའི་ཚན་རིག་གི་མཁས་དབང་གྲགས་ཅན་སྐུ་ཞབས་ཧམ་པི་རི་ཌེ་ལྭི་ལགས་ཀྱི་མཐའ་མའི་གཏམ་བཤད་ཚོགས་དུས་བཞི་གསན་གནང་མཛད་པ་དང་གཏམ་བཤད་ཀྱི་གནད་དོན་མཐའ་དག་ཟིན་བྲིས་ཆ་ཚང་བྱས་ཐོག་དེའི་ངོ་བཤུས་ཞིག་ཧམ་པི་རི་ཌེ་ལྭི་ལགས་སུ་སྟོན་གནང་མཛད་པ་དང་ལྷན་དུ་ལས་ཀ་ཞིག་འཚོལ་ཐབས་ཡོང་བའི་རེ་བ་ཞུས། དེ་ལ་བརྟེན་ནས་ལོ་རྗེས་མའི་ཚེས་ཤར་དུ་རོ་ཡལ་གཙུག་ལག་སློབ་གཉེར་ཁང་གི་རྫས་སྦྱོར་སྡེ་ཚན་ནང་སྐུ་ཞབས་ཧམ་པི་རི་ཌེ་ལྭི་ལགས་ཀྱི་ཕྱག་རོགས་སུ་བསྐོ་གཞག་བྱུང་བ་རེད།


སྤྱི་ལོ་ ༡༨༡༣ གྱི་སྟོན་དུས་ནས་ ༡༨༡༥ དཔྱིད་དུས་བར་ཧམ་པི་རི་ཌ་ལྭི་ལགས་དང་ལྷན་དུ་ཁོང་གི་ཕྱག་རོགས་ལྟ་བུར་ཡོ་རོབ་གླིང་ཆེན་ནང་ཡོད་པའི་རྫས་ཀྱི་བརྟག་དཔྱད་ཁང་མང་པོར་བལྟ་སྐོར་སྐྱོད་རྒྱུའི་གོ་སྐབས་བྱུང་བ་དང་། རོ་ཡལ་གཙུག་ལག་ཁང་དུ་ཕྱིར་འཁོར་མཚམས་མུ་མཐུད་རྫས་སྦྱོར་ཐོག་ཕྱག་ལས་གནང་བ་དང་གཏེར་ཁ་སྔོགས་འདོན་བྱེད་མཁན་ཚོའི་ཆེད་དུ་བདེ་སྲུང་ལྒང་ཞུ་ཞེས་པ་སྐུ་ཞབས་ཧམ་པི་རི་ཌེ་ལྭི་ལགས་དང་ལྷན་དུ་གསར་གཏོད་གནང་།


སྤྱི་ལོ་ ༡༨༢༡ ལོར་ཁོང་རོ་ཡལ་གཙུག་ལག་ཁང་གི་གཙོ་སྐྱོང་བའི་ལས་ཀར་བསྐོ་གཞག་བྱུང་བ་དང་མི་རིང་བར་གློག་དང་ཁབ་ལེན་གྱི་འབྲེལ་བ་གསར་རྙེད་བྱུང་བ་དེ་ནི་ད་ལྟའི་གློག་འགུལ་ཡོ་ཆས་ཀྱི་རིགས་ལམ་འགྲོ་ཚུལ་ཡིན། སྤྱི་ལོ་༡༨༢༠ ཙམ་ནས་ཁོང་གིས་རླངས་རྫས་མང་པོ་ཞིག་གནོན་ཤུགས་འོག་གཤེར་གཟུགས་སུ་བསྒྱུར་ནས་རྟོག་ཞིབ་བྱས་པའི་བརྒྱུད་རྗེས་སུ་བེན་ཛིན་༼benzene༽ ཞེས་འབོད་པའི་གཤེར་རྫས་དེ་གསར་རྙེད་བྱུང་བ་རེད།


སྤྱི་ལོ་ ༡༨༢༥ ལོར་ཁོང་རོ་ཡལ་གཙུག་ལག་ཁང་གི་བརྟག་དཔྱད་ཁང་གི་འགན་འཛིན་དུ་བཀོ་གཞག་བྱུང་ཡོད་ཀྱང་རྒྱུ་མཚན་གཉིས་ཀྱིས་རྐྱེན་པས་མུ་མཐུད་བརྟག་དཔྱད་ཀྱི་ལས་ཀ་མཇུག་སྐྱོང་བྱེད་ཐུབ་མེད། རྒྱུ་མཚན་གཅིག་ནི་སྐབས་དེར་ཁོང་དབྱིན་གཞུང་མཚོ་དམག་ཆེད་དུ་འོད་ཤེལ་༼རྒྱང་ཤེལ་སོགས་བཟོ་སྐྲུན་ཆེད༽ ཡར་རྒྱས་གཏོང་ཐབས་སུ་དུས་ཚོད་མང་དག་ཞིག་གཏོང་གནང་མཛད་དགོས་བྱུང་ཡོད། དེར་དམིགས་བསལ་གྲུབ་འབྲས་ཆེ་བ་གང་ཡང་ཐོན་མེད་ཀྱང་རྗེས་སོར་ཁོང་མཚོ་དམག་གི་ཚན་རིག་ལམ་སྟོན་པར་བསྐོ་གཞག་བྱུང་། རྒྱུ་མཚན་གཉིས་པ་ནི་གཙུག་ལག་ཁང་གི་འཛིན་སྐྱོང་དང་འབྲེལ་བའི་ལས་གཞི་མང་དག་ཅིག་བྱེད་དགོས་བྱུང་བས་བརྟག་དཔྱད་ཆེད་དུས་ཁོམ་མ་བྱུང་བ་བཅས་ཡིན། རོ་ཡལ་གཙུག་ལག་སློབ་གཉེར་ཁང་གི་ལས་སློབ་ཚོའི་ཆེད་དུ་གཟའ་པ་སངས་གང་ཡིན་ལ་དགོང་མོར་ཚན་རིག་གི་གཏམ་བཤད་འགོ་འཛུགས་བྱས་པ་དང་དེ་མིན་སློབ་ཕྲུག་ཚོ་ཁོ་ནའི་ཆེད་དུའང་ཚན་རིག་གི་གཏམ་བཤད་མང་པོ་བྱས་པ། དཔེར་ན། ཡང་ལ་ཞིག་གི་རྫས་སྦྱོར་གྱི་ལོ་རྒྱུས་ཞེས་པའི་བརྗོད་གཞིའི་ཐོག་རྫས་སྦྱོར་དང་འབྲེལ་བའི་ཚན་རིག་གི་སློབ་ཁྲིད་གནང་བར་སྙན་གྲགས་ཆེན་པོ་བྱུང་། དེ་དང་འདྲ་བའི་སློབ་ཁྲིད་ཀྱི་ལས་གཞི་ཞིག་རྗེས་སོར་སྤྱི་ལོ་ ༡༩༦༦ ནས་བཟུང་བརྙན་འཕྲིན་ཐོག་རྒྱང་བསྒྲགས་བྱེད་བཞིན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁོང་སྐབས་དེའི་སྤྱི་ཚོགས་ནང་སྙན་གྲགས་ཆེ་ཤོས་ཡིན་པའི་ཚན་རིག་པ་ཞིག་ཏུ་གྱུར་བ་རེད།


སྤྱི་ལོ་ ༡༨༣༠ ནས་ ༡༨༥༡ བར་རྒྱལ་གཞུང་དམག་སྤྱི་ཁང་གི་རྫས་སྦྱོར་སློབ་དཔོན་ཆེན་མོར་བསྐོ་གཞག་བྱུང་བ་དང་༡༨༣༡ ནས་ཁོང་གི་སླར་ཡང་གློག་གི་ཐོག་ཉམས་ཞིབ་བྱེད་རྒྱུའི་གོ་སྐབས་བྱུང་ཡོད། ལོ་དེར་ཁོང་གི་གློག་སྡུད་ཁབ་ལེན་གྱི་རིགས་ལམ་གསར་རྙེད་བྱུང་བ་དང་དེ་དང་ལྷན་དུ་གློག་རྒྱུན་སྒྱུར་ཆས་༼transformer༽ དང་གློག་རྒྱུན་སྐྲུན་ཆས་༼generator༽ཐོག་མར་གསར་གཏོད་གནང། དེ་བཞིན་ཁོང་གིས་གློག་གི་རྫས་སྦྱོར་རིག་པའི་རིགས་ལམ་བསྐྱར་བཅོས་མཛད་པ་དང་དེ་འབྲེལ་གྱི་ཐ་སྙད་དཔེར་ན། གློག་སྣེ། ཕོ་སྣེ། མོ་སྣེ་ཞེས་པ་སོགས་གསར་གཏོད་མཛད། དེ་སྔོན་གློག་ཅེས་པ་དེ་ལྕགས་སྐུད་སོགས་དངོས་གཟུགས་ཤིག་གི་སྣེ་གཅིག་ནས་གཞན་དུ་རྒྱུ་མཁན་གྱི་གཤེར་གཟུགས་ལྟ་བུ་མུ་མཐུད་ནས་འགྲོ་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ཁོང་གི་དེ་ལྟར་མིན་པར་གློག་ཅེས་པ་དེ་སྣེ་གཅིག་ནས་གཞན་དུ་འགྲོ་སྐྱོད་ཐུབ་པའི་རྡུལ་ཕྲ་མོ་དེ་འདྲ་ཕན་ཚུན་འགྲོ་འོང་བྱེད་པ་ལས་བྱུང་བ་ཞིག་ཡིན་པ་བཤད་ཡོད།


དེ་བཞིན་དངོས་རྫས་ཐམས་ཅད་གྲུབ་བྱའི་རྡུལ་ཕྲན་ཞེས་པ་དང་བར་སྣང་འགྲུབ་བྱེད་ཀྱི་ཨེ་ཐར་ཞེས་པ་དངོས་སུ་མེད་པའི་བསམ་ཚུལ་གསུངས། གང་ལྟར་ཁོང་གི་ཚན་རིག་ཐོག་བརྟག་དཔྱད་དང་སློབ་ཁྲིད། དེ་བཞིན་རྒྱལ་གཞུང་གི་སྡེ་ཚན་མང་པོར་ཚན་རིག་སློབ་སྟོན་པའི་ལས་འཁུར་གནང་བ་སོགས་སྐབས་དེའི་སྙན་གྲགས་ཆེ་ཤོས་ཀྱི་མི་སྣ་ཞིག་ཏུ་གྱུར་པ་རེད། དེ་བཞིན་སྙན་གྲགས་ཅན་གྱི་རི་མོ་མཁན་མང་པོས་ཁོང་གི་འདྲ་བརྙན་བྲིས་གནང་མཛད་ཡོད་པར་མ་ཟད་སྐབས་དེར་བརྙན་པར་བཟོ་སྐྲུན་གྱི་རིགས་ལམ་གསར་རྙེད་བྱུང་ཙམ་ཡིན་པས་དུས་དེའི་ནང་བརྙན་པར་མང་ཤོས་བསྒྲོན་ཡོད་པའི་མི་སྣ་ཞིག་ཀྱང་ཡིན། སྤྱི་ལོ་༡༩༩༡ ནས་ ༡༩༩༩ བར་པར་སྐྲུན་བྱས་པའི་དབྱིན་ཡུལ་གྱི་ཤོག་དངུལ་ཉི་ཤུ་ཅན་གྱི་ཐོག་ཏུ་ཡང་ཁོང་གི་སྐུ་པར་བཀོད་ཡོད། སྤྱི་ལོ་༡༨༦༧ ལོའི་ཟླ་བ་ ༨ ཚེས་ ༢༥ ཉིན་དགོངས་པ་རྫོགས་པ་རེད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།