སྤེལ་མཁན། : tsenrig 12/01/2008



ཚན་རིག་པས་རྣམ་གཞག་གང་ཞིག་གཏན་ལ་འབེབ་སྐབས་ངེས་པར་དུ་བརྒྱུད་དགོས་པའི་རིམ་པའམ་ཡིད་འཇོག་དགོས་པའི་གནད་དོན་གསུམ་ཡོད།ཐོག་མར་བརྗོད་གཞི་གང་ཡིན་པ་དེའི་ཐད་གནས་ཚུལ་གང་མང་ཤེས་རྟོགས་ཡོང་སླད་སློབ་གཉེར་ཚད་ལྡན་བྱས་ནས་གནས་ཚུལ་མཁོ་བསྡུ་བྱེད་དགོས། གནས་ཚུལ་དེར་གཞིར་བཞག་གིས་བརྗོད་གཞི་གང་ཡིན་དེའི་བྱུང་རྐྱེན་དང་མ་འོངས་པའི་གྲུབ་འབྲས་ཇི་ཡོང་ཐད་ཐོག་མའི་སྔོན་དཔག་བྱེད་དགོས།

དེ་ནས་རང་གི་སྔོན་དཔག་བྱས་པ་དེ་དངོས་སུ་ཇི་ཙམ་ཐད་མིན་ཆེད་བརྟག་དཔྱད་འདྲ་མིན་དང་ཐབས་ལམ་འདྲ་མིན་གྱི་ཐོག་ནས་རྟོག་ཞིབ་ཚད་ལྡན་བྱས་ནས་མཐར་ཐོག་མའི་གནས་ཚུལ་དང་བར་གྱི་རྟོགས་ཞིབ་གཉིས་གཞི་ལ་བཞག་ནས་རང་གི་རྣམ་གཞག་གམ་མཇུག་འབྲས་དེ་དྲིལ་བསྒྲགས་བྱེད་ཀྱི་ཡོད།

དེ་བཞིན་ཚན་རིག་ཡིན་ན་ངེས་པར་དུ་ཚང་དགོས་པའི་གལ་ཆེའི་གནད་དོན་གསུམ་ཡོད་པ་ནི།
༡ ཁུངས་སྐྱེལ་མེད་པའམ་མི་དགོས་པའི་ཚན་རིག་མེད།
༢ ཚན་རིག་གི་གཏམ་བཤད་གང་ཡིན་པ་དེར་རྩིས་གྲངས་ཀྱི་རྒྱབ་གཉེར་ཡོད་དགོས།
༣ ཚན་རིག་ནང་གང་བཤད་པ་ཐམས་ཅད་དཔྱད་པ་བྱེད་རུང་ཡིན།

ཚན་རིག་གི་རྣམ་གཞག་ཅེས་པ་དེ་བརྗོད་བྱའི་གནད་དོན་གང་ཡིན་པ་དེ་ཉིད་བརྟག་དཔྱད་ཀྱི་རིམ་པ་གང་གིས་ཀྱང་མི་གནོད་པའམ་གནོད་པ་ཉུང་བའི་དཔེ་རིས་སམ་འགྲེལ་བཤད་ཅིག་ཡིན། འོན་ཀྱང་ཚན་རིག་གི་སྔོན་དཔག་དང་རྣམ་གཞག་སོགས་གནས་སྐབས་ཙམ་གྱི་སྔོན་དཔག་དང་རྣམ་གཞག་ཡིན་པ་ལས་འགྱུར་དུ་མི་རུང་བའི་རྣམ་གཞག་དང་སྔོན་དཔག་ཞིག་མིན། རྗེས་སོར་གཞན་གྱིས་དཔྱད་པ་བྱེད་རུང་ཡིན་པ་དང་བརྟག་དཔྱད་ཀྱི་གྲུབ་འབྲས་དང་འགལ་བ་བྱུང་སྐབས་རྣམ་གཞག་དེ་ཉིད་མི་འཐད་པའམ་ཚད་ལྡན་མིན་པར་གྱུར་ནས་དེ་ལས་ལྷག་པའི་རྣམ་གཞག་གཞན་ཞིག་ཡོང་གི་ཡོད། རིགས་ལམ་དང་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འདིའི་འོག་ལོ་ངོ་བརྒྱ་ཕྲག་ཁ་ཤས་ནང་བློ་ཡུལ་དུ་ཤོང་དཀའ་བའི་ཚན་རིག་གི་འཕེལ་རྒྱས་འདི་བྱུང་བ་རེད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།