སྤེལ་མཁན། : tsenrig 12/01/2008



ཉམས་ཞིབ་མཁན་ཚོས་བཤད་པར་ཞིག་ན། མངལ་གནས་ཀྱི་ཕྲུ་གུར་གནོད་སྐྱོང་དང་ཉེན་ཁ་གང་ཡང་མེད་པའི་ཐོག་ནས་ཁོང་ཚོའི་ཕ་མའི་རིགས་རྫས་ཀྱི་བརྒྱུད་གཏོང་དང་འབྲེལ་བའི་ནད་རིགས་ཤེས་རྟོགས་བྱེད་པའི་ཐབས་ལམ་ཞིག་གསར་རྙེད་བྱུང་ཡོད། ད་བར་ཕ་མ་ནས་བརྒྱུད་གཏོང་སྲིད་པའི་ནད་རིགས་མངལ་གནས་ཀྱི་ཕྲུ་གུར་ཡོད་མིན་བརྟག་ཐབས་སུ་མའི་མངལ་ནས་ཁབ་ཀྱིས་གཤེར་ཁུ་ཕྱིར་འདྲེན་བྱེད་དགོས་ཀྱི་ཡོད་པ་དང་བརྟག་ཐབས་འདིའི་རྒྱུད་རིམ་ཁྲོད་ཕྲུ་གུ་མངལ་ནས་ཤོར་སྲིད་པ་དང་དེ་མིན་གྱི་ཉེན་ཁ་མང་དག་ཞིག་ཡོང་གི་ཡོད། བར་ལམ་ཚན་རིག་གི་གསར་གནས་རྒྱུད་ལམ་ཁག་གི་ནང་འགྲེལ་བརྗོད་བྱས་པར་ཞིག་ན།

སྤྱིར་ནད་རིགས་འདི་དག་ཕ་མའི་རིགས་རྫས་ནང་རྒྱུན་ལྡན་མིན་པའི་གོ་རིམ་མམ་འགྱུར་བ་བྱུང་ནས་ཡོང་གི་ཡོད་པས་ད་ཆ་མའི་ལུས་ཁྲག་ལ་བརྟག་དཔྱད་བྱས་པའི་ཐོག་ནས་མངལ་དུ་ཡོད་པའི་ཕྲུ་གུར་བརྒྱུད་གཏོང་སྲིད་པའི་ནད་རིགས་བརྟག་ཐབས་གསར་པ་ཞིག་རྙེད་ལུགས་འབྲེལ་བརྗོད་བྱས་ཡོད། དེ་ཡང་ལོ་མང་སྔོན་དུ་ཧོང་ཀོང་ནང་ཡོད་པའི་ཚན་རིག་པ་ ཌིནིས་ལཱོ(Dennis Lo) དང་ཁོང་གི་ཕྱག་རོགས་ཚོས་མའི་ཟུངས་ཁྲག་ནང་མངལ་གནས་ཀྱི་རིགས་རྫས་འཁོར་སྐྱོད་བྱེད་ཀྱི་ཡོད་པ་གསར་རྙེད་བྱུང་ཡོད། དེ་ནས་བཟུང་ཚན་རིག་པ་མང་པོས་མའི་ཟུངས་ཁྲག་ནང་ཡོད་པའི་མངལ་གནས་ཀྱི་རིགས་རྫས་ལ་བརྟག་དཔྱད་བྱས་པའི་ཐོག་ནས་ཕྲུ་གུ་དེར་རིགས་རྫས་ཀྱི་ནད་རིགས་ཡོད་མིན་ཤེས་ཐབས་བྱས་ཡོད་ཀྱང་གྲུབ་འབྲས་ཆེ་བ་བྱུང་མེད། ད་ལམ་ཁྲག་གི་བརྟག་ཐབས་ཚད་ལྡན་གྱི་ཐོག་ནས་མའི་ཟུངས་ཁྲག་ནང་ཡོད་པའི་མངལ་གནས་ཀྱི་རིགས་རྫས་རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པ་གཉིས་ཀ་ཚོར་རྙེད་ཐུབ་ཀྱི་ཡོད་པ་དང་དེའི་ཐོག་ནས་ཕྲུ་གུར་ན་ཚ་ཇི་ཡོད་ཤེས་ཐུབ། འོན་ཀྱང་ལག་སྟར་དངོས་གཞིའི་སྐབས་གྲུབ་འབྲས་ཇི་ཙམ་འཐོན་མིན་ནི་མའི་ཟུངས་ཁྲག་ནང་མངལ་གནས་ཀྱི་རིགས་རྫས་གྲངས་འབོར་ཇི་ཙམ་ཐོབ་མིན་ལ་རག་ལས་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།