༡༽ དང་ ༢༽ ྋགོང་ས་མཆོག་དང་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་དང་ཨེ་མོ་རི་མཐོ་སློབ་ཀྱི་ཞལ་ངོ་པི་རི་ཐ་རཱམ་བཅས་ནས་ལོ་དང་པོའི་ཚན་རིག་སློབ་འཁྲིད་ཀྱི་ཕྱག་དེབ་གསར་པ་དབུ་འབྱེད་གནང་བཞིན་པ། ༣༽ བོད་གཞུང་བཀའ་ཁྲི་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན། ༤༽ ཨེ་མོ་རི་མཐོ་སློབ་ཀྱི་གཙོ་འཛིན་གཞོན་པ་གྷེ་རི་ཧོག ༥༽ ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན། ༦༽ རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར།

གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་ཚོགས་ཁང་གསར་བཞེངས་ཀྱི་དབུ་འབྱེད་མཛད་སྒོའི་ཕྱི་དྲོར་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་གཙོ་བཞུགས་ཐོག་རང་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། ཤར་བྱང་གི་ཆོས་རྗེ་རྣམ་པ། གདན་ས་ཁག་གི་མཁན་རིན་པོ་ཆེ་རྣམ་པ། ཨེ་མོ་རི་མཐོ་སློབ་ཀྱི་གཙོ་འཛིན་གཞོན་པ་དང་ཚན་རིག་མཁས་དབང་སློབ་དགེ་ཁག་ཅིག རྡ་ས་དཔེ་མཛོད་ཁང་གི་འགན་འཛིན་དང་བོད་གཞུང་གི་དབུ་ལས་དང་སེར་སྐྱ་ཕོ་མོ་ཁྲི་ཚོ་བརྒལ་བའི་འདུ་ཚོགས་སུ་ཨ་རིའི་ས་གནས་ཨེཊ་ལན་ཊར་ཡོད་པའི་ཨེ་མོ་རི་མཐོ་རིམ་སློབ་གཉེར་ཁང་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་གྱིས་དགོན་སྡེ་ཁག་ལ་ཕན་པའི་ཚན་རིག་སློབ་འཁྲིད་དང་ལས་གཞི་གསར་པའི་དབུ་འབྱེད་ྋགོང་ས་མཆོག་ནས་མཛད།


དེའང་ཐོག་མར་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་གཙོ་འཛིན་པ་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་ནས་ལས་འཆར་འདིའི་ཐོག་མའི་བྱུང་རིམ་དང་། ལྷག་པར་ྋགོང་ས་མཆོག་གི་ཐུགས་རྗེ་དང་ཨེ་མོ་རི་དགེ་ལས་ནས་ཤེས་དཔལ་གཉིས་ཀའི་མཐུན་རྐྱེན་རྒྱབ་སྐྱོར་བསྩལ་བ་བཅས་ཀྱི་ཐོག་ནས་ལས་འཆར་དེ་མ་འོངས་པར་རྒྱུན་འཁྱོངས་ལམ་ལྷོངས་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཨེ་མོ་རི་ནས་ཆེད་མངགས་ད་རེས་ཚན་རིག་གི་ལས་འཆར་དབུ་འབྱེད་དུ་ཕེབས་པའི་ནང་ཨེ་མོ་རི་གཙུག་སློབ་གྲ་ཆེན་མོའི་གཙོ་འཛིན་གཞོན་པ་གྷེ་རི་ཧོག་མཆོག་དང་མཐོ་སློབ་ཀྱི་ཞལ་ངོ་[Dean] པི་རི་ཐ་རཱམ་དང་གཞན་ཡང་ཚན་རིག་མཁས་དབང་འགའ་ཞིག་ཕེབས་ཡོད། དེའང་གཙོ་འཛིན་གཞོན་པས་ཐོག་མར་ཨེ་མོ་རི་དགེ་ལས་སློབ་ཕྲུག་ཁྱོན་བསྡོམས་ ༡༡༠༠༠ དགེ་རྒན་ ༢༥༠༠ དང་ལས་བྱེད་པ་ ༡༨༠༠༠ གི་ཚབ་བྱས་ཏེ་དེ་རིང་གི་ས་གནས་ཁྱད་པར་ཅན་དང་དུས་བཟང་འདིར་མཉམ་འཛོམས་བྱུང་བའི་སེར་སྐྱ་ཕོ་མོ་ཚང་མར་འཚམས་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བར་ཁོ་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། ཨེ་མོ་རི་ནི་ ༡༨༣༦ ལོར་ཡི་ཤུའི་ནང་ཚན་མེ་ཐོ་ཌི་སི་ཞེས་པའི་ཆོས་མི་རྣམས་ཀྱིས་བཙུགས་པ་ཞིག་དང་འབྲས་སྤུངས་བློ་གསལ་གླིང་ལ་ལྟོས་ཏེ་ཧ་ཅང་གཞོན་ནུའི་སྐབས་ཤིག་ཡིན། འོན་ཀྱང་དེ་འདྲའི་ཤེས་ཡོན་ལྟེ་གནས་གཉིས་མཉམ་འཛོམས་བྱུང་བ་ནི་ངས་ལས་བསྐལ་ཞིག་ལ་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་ནས་མུ་མཐུད་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་ས་བོན་དེ་ཐོག་མར་དགེ་བཤེས་བློ་བཟང་བསྟན་འཛིན་དང་ད་ལྟ་ཨེ་མོ་རི་མཐོ་སློབ་ཀྱི་ཞལ་ངོ་[Dean] གྲིན་རོ་བྷཊ་པོལ་གཉིས་དབར་བྱུང་བའི་སྒེར་གྱི་གྲོས་མོལ་ཞིག་གི་སྐབས་ས་བོན་བཏབ་པ་ཞིག་ཡིན་ཞིང་དེ་ད་ཆ་གཞི་རྒྱ་ཆེ་བའི་མཐུན་ཚོགས་ཤིག་ཡིན་ཞིང་ད་ལྟ་མུ་མཐུད་འཚར་སྐྱེད་བྱེད་བཞིན་པ་ཞིག་ཀྱང་ཡིན། མཐུན་ཚོགས་འདིེའི་བརྒྱུད་ནས་འདས་པའི་ལོ་ངོ་ལྔ་ཙམ་གྱི་ནང་བྱེད་སྒོ་སྣ་མིན་ཞིག་སྤེལ་བ་ལས་བོད་ཀྱི་ནང་ཆོས་དང་སྨན་རྩིས་ཀྱི་མཁས་དབང་ཨེ་མོ་རིར་གདན་ཞུ་དང་། ཨེ་མོ་རི་ནང་དུ་བོད་ཀྱི་དུས་སྟོན་སྲུང་བརྩི་བྱེད་པ་དང་། ད་དུང་མཐོ་སློབ་འདིའི་སློབ་ཕྲུག་མི་ཉུང་བ་ཞིག་ལོ་ལྟར་རྒྱ་གར་རྡ་རམ་ས་ལའི་ཉེ་འདབས་ཀྱི་སཱ་ར་མཐོ་སློབ་ཏུ་བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་། གོམས་སྲོལ་སོགས་ཀྱི་ཐད་ཉམས་ཞིབ་དང་སློབ་སྦྱོང་ཆེད་ཡོང་གི་ཡོད། ཉེ་དུས་ ༢༠༠༧ ལོ་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་ནང་ཚན་རིག་སློབ་འཁྲིད་ཀྱི་ལས་འཆར་ཞིག་བོད་དང་ཨེ་མོ་རི་མཐུན་ཚོགས་བརྒྱུད་ནས་བོད་ཀྱི་དཔེ་མཛོད་ཁང་དང་ཨེ་མོ་རི་མཐོ་སློབ་ཟུང་འབྲེལ་གྱིས་ལས་འཆར་ཞིག་དབུ་བཙུགས་ཤིང་། ང་ཚོའི་ཡིད་ཆེས་ལ་གཟུགས་ཅན་འཇིག་རྟེན་གྱི་ཡ་མཚན་པའི་གནད་རྣམས་ཁ་ཕྱེ་བར་དོན་འབྲས་ཅན་གྱི་ནུབ་ཕྱོགས་ཚན་རིག་གི་སྲོལ་རྒྱུན་ལས་ཁྱེད་རྣམ་པར་འབུལ་རྒྱུའི་ཆོས་ཤིག་ཡོད་པར་ཡིད་ཆེས་ཡོད་ལ། དེ་བཞིན་ཁྱེད་རྣམས་ཀྱི་ནང་སེམས་ཀྱི་འཇིག་རྟེན་སྐོར་གྱི་སྲོལ་རྒྱུན་བཟང་པོ་ལས་ང་ཚོས་སྦྱོང་དགོས་པ་མང་དག་ཅིག་ཡོད་པའང་ང་ཚོས་ཤེས་ཀྱི་ཡོད། དེ་ལྟར་ལས་འཆར་ཇི་འདྲ་ཞིག་སྤེལ་རུང་ང་ཚོའི་ཤེས་ཡོན་བརྗེ་རེས་ཙམ་ཞིག་ཏུ་མིན་པར་སེམས་དང་སྙིང་གཉིས་ཀར་བསྒྱུར་བཅོས་ཐུབ་པའི་རེ་བ་ཞུ་ཡི་ཡོད་བཅས་གསུངས་སོང་།

དེ་རྗེས་བོད་གཞུང་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ལས་འཆར་དེའི་དགོས་གལ་དང་དེར་བོད་གཞུང་ཆོས་རིགས་དང་ཤེས་རིག་ལས་ཁུངས་ངོས་ནས་གང་ཅིའི་རྒྱབ་སྐྱོར་ཡོད་པར་གསུངས། ལྷག་པར་དུ་བཀའ་ཁྲི་མཆོག་ནས་ད་རེས་མཛད་སྒོར་བཅར་དོན་དེ་ད་ལྟའི་ལས་འཆར་འདི་བཞིན་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བ་ཡོད་པ་ཞིག་དང་། རང་ཉིད་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཆོགས་གཞོན་ཡིན་པའི་རྒྱུ་མཚན་ནས་འདིར་ཕེབས་ལུགས་གསུངས། ཁོང་ནས་རང་ཉིད་ནི་དེང་རབས་དང་དེང་རབས་ཀྱི་ཚན་རིག་དང་དེ་ལས་བྱུང་བའི་ཆོ་འཕྲུལ་ལ་གུས་བརྩི་མི་བྱེད་མཁན་ཞིག་ཡིན་པ་དང་། ཚན་རིག་གིས་འཇིག་རྟེན་ནང་གནམ་ས་ཁ་ལོ་སྒྱུར་བ་ལྟ་བུའི་འགྱུར་བ་ཆེན་པོ་ཞིག་བྱུང་བ་ལ་བརྟེན་ནས་དེང་སང་སྣོད་བཅུད་ལ་བཅོས་ཉེས་གོད་ཆག་ཆེན་པོ་བཏང་བར་མ་ཟད་ནུབ་ཕྱོགས་སུ་དེ་སྔ་ཆོས་ལུགས་ལས་སྤེལ་བའི་རྨོངས་དད་རྣམས་བསལ་རྒྱུའི་ཚབ་ཏུ་རྨོངས་དད་གསར་པ་ཞིག་བཟོས་པ་དང་། ལར་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་བྱམས་བརྩེའི་ས་བོན་ཞིག་གལ་ཏེ་ཚན་རིག་པ་དེ་དག་གི་ནང་འཇུག་ཏེ་ཆོས་ཚན་མཉམ་རུབ་ཀྱི་ལངས་ཕྱོགས་གསར་པ་ཞིག་བསྐྲུན་ཐུབ་ཚེ་འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་ལ་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་མཇུག་བསྡོམས་གནང་སོང་།

མཐར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེས་ཚན་རིག་གི་སློབ་འཁྲིད་དང་མ་འོངས་པར་ཚན་རིག་དང་འབྲེལ་གཏུག་བྱ་རྒྱུ་དེ་གང་ཟག་སྒེར་གཅིག་གཉིས་ཙམ་ཅིག་མིན་པར། སྒྲིག་འཛུགས་ཀྱི་ངོས་ནས་དེ་ལྟར་འཇུག་སྐྱོང་ཐུབ་ཚེ་ཕན་རླབས་ཆེ་བ་ཡོང་རྒྱུ་ཡིན་པ་དང་། ལྷག་པར་ད་རེས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཟུང་འབྲེལ་གྱིས་དུས་ཐུང་ངུ་ཞིག་གི་ནང་ཚན་རིག་གི་སློབ་དེབ་འདི་ལྟབུ་་ཞིག་ཕྱོགས་བསྒྲིགས་ཐུབ་པ་དང་ཚོགས་པ་གཉིས་ཀྱི་འབྲེལ་བ་ལས་ཚན་རིག་སློབ་སྦྱོང་གི་ལས་གཞི་དེ་གཞི་རྒྱ་ཆེ་བ་དང་ཕན་རླབས་ཆེ་བ་འོང་བའི་རེ་བ་དང་ད་བར་ཕྱག་ལས་གནང་བར་དགའ་ཚོར་ལྷག་པར་བྱུང་བ་གསུངས།

ད་དུང་དངོས་གཞི་མཛད་སྒོ་གྲུབ་རྗེས་ཉིན་གསུམ་གྱི་རིང་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རའི་ནང་དགེ་འདུན་སྟོང་ཚོ་བརྒལ་བའི་འདུ་འཛོམས་སུ་ཚན་རིག་ཚན་པ་སོ་སོའི་མཁས་དབང་རྣམས་ནས་གཏམ་བཤད་དང་དོགས་དྲིས་སོགས་ཟབ་རྒྱས་གནང་། །昞expndtw0 སྐབས་འདིར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་གཉིས་ནས་བརྩལ་བའི་བཀའ་སློབ་ཆ་ཚང་འདིར་བཀོད་ཡོད།

Post a Comment

Previous Post Next Post