སྤེལ་མཁན། : tsenrig 6/30/2007



དེང་གི་དུས་སུ་བེད་སྤྱོད་བྱེད་བཞིན་ པའི་ཚན་རིག་འཕྲུལ་ལས་ཀྱི་ལག་ཆ་ཅི་ཡང་མེད་པའི་སྒོ་ནས། ང་ཚོའི་འཇིག་རྟེན་གྱི་ཁམས་འདི་ཇི་ལྟར་ལས་ལ་འཇུག་བཞིན་པ་འཚོལ་ཞིབ་བྱ་རྒྱུ་དེར་ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་། དེ་ནི་སྤྱི་ལོ་དུས་རབས་གཉིས་པའི་ནང་བྱུང་བའི་མཚན་ཉིད་རིག་པ་བ་ཊོ་ལེ་མིས་ཀྱིས་གདོང་ལེན་བྱས་པའི་འགན་འཁྲི་དེ་ཡིན་ནོ།།

ཁོང་གི་མི་ཚེ།


ཊ་ལེ་མིས་ཀྱི་མི་ཚེའི་ལོ་རྒྱུས་ཐད་ང་ཚོར་ཡིག་ཆ་ཞིག་ཧ་ལམ་མེད། ཁོང་གི་མཚན་ལ་ཁྲོ་ལི་མིཡུས྄་ (Ptolemaeus) ཟེར་བ་དེར་བརྟགས་ན། ང་ཚོས་ཁོང་ཉིད་དེང་གི་ཨེ་ཇེབ་ནང་འཚོ་བཞུགས་བྱས་མྱོང་བ་རྟོགས་ཐུབ། འོན་ཀྱང་། ཁོང་གི་འབྱུང་ཁུངས་དངོས་དེ་གྷི་རིཀ་ནས་མིན་ནམ་སྙམ་ལ། ཕལ་ཆེར་ཁོང་ཉིད་སྐབས་ཐོག་དེའི་སློབ་གཉེར་བྱེད་སའི་བསྟི་གནས་ཏེ། ཨི་ཇིབཊ་ནང་གི་གྲོང་ཁྱེར་ཨེ་ལེཀ་ཛན་ཌརྱི་ (Alexandria ) ཡི་ཉེ་འཁྲིས་སུ་འཚོ་བཞུགས་བྱས་མྱོང་བར་འདོད་དོ།།

སྐར་དཔྱད་རིག་པ།


ཊོ་ལེ་མི་ཡི་བརྩམས་ཆོས་ཐོག་མ་དེའི་མཚན་ལ་མེ་གྷ་ལེ་སིན་ཊེཀ་སིས྄་ (Megale Syntaxis) ཟེར་བ་དང་། དེའི་གོ་དོན་ནི་རླབས་ཆེན་གྱི་བརྩམས་ཆོས་ཟེར་བ་ཡིན། དུས་ཕྱིས་སུ་དེ་ཉིད་ཨ་རབ་ཀྱི་སྐད་ཡིག་ཏུ་ཨལ་མ་ཇིས྄་ཊི་(al-Majisti) ཞེསཕབ་བསྒྱུར་བྱས་པ་དང་། དེ་ནས་བཟུང་བརྩམས་ཆོས་འདིར་ཨལ་མ་ཇེསཊ་(Almagest) ཞེས་ཡོངས་གྲགས་སུ་གྱུར། དེ་ནི་ང་ཚོའི་གཟའ་སྐར་འཁོར་སྐྱོད་ཀྱི་རྣམ་གཞག (planetary system) ཐད་ལ་གཏན་ཚིགས་ཤིག་བརྩམས་རྒྱུར་འབད་བརྩོན་བྱས་པ་ཐོག་དང་པོ་ཡིན། ཁོང་གིས་སྔོན་གྱི་མཚན་ཉིད་རིག་པ་བ་ཧི་པཱར་ཁུས྄་ (Hipparchus) ཡིས་ང་ཚོའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཅི་ཞིག་དང་འདྲ་བའི་ཐད་ལ་རང་ཉིད་ཀྱི་འཆར་སྒོ་དཔེ་མཚོན་དུ་བཀོད་སྐབས་ཞིབ་འཇུག་བྱས་པའི་ཟིན་ཐོ་དང་རྩིས་རིག་བེད་སྤྱོད་བྱས། ཊོ་ལེ་མི་ཡི་དཔེ་མཚོན་ནང་དུ་སའི་གོ་ལ་ནི་འཇིག་རྟེན་ཁམས་ཀྱི་དཀྱིལ་དབུས་སུ་ཡོད་པ་དང་། དེར་ཟླ་བ་དང་། གཟའ་ལྷག་པ། པ་སངས། ཉི་མ། མིག་དམར། ཕུར་བུ། སྤེན་པ་བཅས་ཀྱིས་སྐོར་བ་བྱེད་ཀྱིན་ཡོད། གང་ལྟར། ཁོང་གིས་ཁོ་རང་ཉིད་ཀྱི་གཏན་ཚིགས་དེ་གཞི་ལ་བཞག་ན་མཚམས་རེར་གཟའ་སྐར་འདི་དག་ཁོ་རང་ཉིད་ཀྱི་བསམ་བློའི་ནང་དུ་ཡོད་པ་ཇི་བཞིན་གནས་གཅིག་ཏུ་སྡོད་ཀྱིན་མེད་པ་དེར་དོ་སྣང་བྱུང་བ་དང་། འདི་ལ་འགྲེལ་བརྗོད་བྱེད་ཆེད་དུ། ཁོང་གིས་གཟའ་སྐར་རྣམས་སའི་གོ་ལའི་མཐའ་འཁོར་ནས་སྐོར་ལམ་ཆེན་པོ་ནས་འཁོར་བཞིན་དུ་སྐོར་ལམ་ཆུང་ངུའི་(epicycles) ནང་དུ་བརྗེ་སྦོར་བྱེད་ཀྱིན་པའི་ལྟ་ཚུལ་དེ་གསར་དུ་བཏོད་པ་རེད།

ཁོང་གིས་ཕྱོགས་གང་ནས་ནོར་བ་ཡིན་ནམ།


དེང་སང་ང་ཚོས་ཊོལེ་མི་ཡི་གཏན་ཚིགས་དེར་ནོར་འཁྲུལ་ཡོད་པ་རྟོགས་ཐུབ་ཡོད་པ་སྟེ། སའི་གོ་ལ་དང་གཟའ་སྐར་གཞན་དག་གིས་ཉི་མའི་མཐའ་འཁོར་ནས་སྐོར་བ་བྱེད་ཀྱིན་ཡོད། ཊོ་ལེ་མིཡི་གཏན་ཚིགས་དེའི་དཀའ་ཁག་གཙོ་བོ་གཅིག་ནི། ཁོང་གིས་གཟའ་སྐར་གཞན་དག་ཚང་མས་སའི་གོ་ལའི་མཐའ་འཁོར་གྱི་རྒྱུ་ལམ་ནང་དུ་འཁོར་སྐྱོད་བྱེད་ཀྱིན་པའི་ལྟ་ཚུལ་དེ་གཞི་ལ་བཞག་པ་ལས་བྱུང་བ་ཡིན་ནོ།། དེ་ལྟར་ཡང་། ཁོང་གི་གཏན་ཚིགས་དེ་ཉིད་ལོ་ངོ་ ༡༣༠༠ ལྷག་གི་རྗེས་སུ་སྐར་དཔྱད་རིག་པ་བ་ནཱི་ཀོ་ལེས྄ ཀོ་པར་ནིཀ (Nicolaus Copernicus) མ་བྱུང་བའི་བར་དུ་ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཀྱི་དཔེ་མཚོན་ཆེས་གལ་ཆེ་ཤོས་ཤིག་ཏུ་གནས་སོ།

ས་ཁམས་རིག་པ།


གནམ་རིག་ཐད་སློབ་སྦྱོང་བྱས་པར་མ་ཟད། ཊོ་ལེ་མི་ཡིས་ད་དུང་སའི་གོ་ལ་འདིར་ཡང་རྩིས་རྒྱག་རྒྱུར་འབད་བརྩོན་བྱས་པ་རེད། མ་ཟད། ཡུན་རིང་གནས་ཐུབ་པའི་ཁོང་གི་བརྩམས་ཆོས་གཅིག་ནི་ས་ཁམས་རིག་པའི་བརྩམས་ཆོས་ཡིན་པ་དང་། དེར་ཁོང་གིས་འཛམ་གླིང་འདིའི་ཐད་ལ་གང་རྟོགས་པ་ཚང་མ་ཕྱོགས་བསྡུས་བྱས་ཡོད། སའི་གོ་ལའི་འཕྲེད་ཐིག་དང་ཞེང་ཐིག་བཅས་ནི་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ཙམ་ནས་གསར་བཏོད་བྱས་ཟིན་པ་དང་། ཁོང་གིས་དེ་ཉིད་བེད་སྤྱོད་ཀྱིས་འཛམ་གླིང་གི་ས་ཁུལ་འདྲ་མིན་ ༨༠༠༠ ཙམ་ཞིག་དང་བྲེལ་མཐུད་བྱེས་པ་རེད། སྐབས་དེར་ཁོང་ལ་རྒྱབ་ལྗོངས་ཀྱི་གནད་དོན་ཐད་ལ་གནས་ཚུལ་རྒྱུ་ཆ་འདེང་ངེས་ཤིག་མེད་པར་མ་ཟད། དམིགས་བསལ་གྱིས་རོ་མཱན་རྒྱལ་ཁོངས་སུ་ཚུད་མེད་པའི་འཛམ་གླིང་གི་ཡུལ་གྲུ་ཁག་ལ་གནས་ཚུལ་རྒྱུ་ཆ་དེ་བས་ཀྱང་མེད། དེར་བརྟེན། ཁོང་གི་གསང་བརྟོལ་གྱི་ལེགས་གྲུབ་དེ་ནི་དེང་གི་ཆར་མཚོན་ན་ཡང་ཡིད་ཆེས་དཀའ་བའི་གནས་ཤིག་ཡིན་ནོ།།

བརྩམས་ཆོས་གཞན་དག


ཊོ་ལེ་་ཡིས་བརྗོད་གཞི་གཞན་གྱི་སྟེང་དུའང་བརྩམས་ཆོས་སྤེལ་ཡོད་པ་སྟེ། མིག་དབང་ཞེས་པའི་ནང་དུ་ཁོང་གིས་འོད་ཀྱི་ཁྱད་གཤིས་ཐད་ལ་གསལ་འགྲེལ་མཛད་ཡོད། གང་ལྟར་ཡང་། ཁོང་ནི་སྐར་དཔྱད་རིག་པ་དང་ས་ཁམས་རིག་པའི་བརྩམས་ཆོས་ཁག་གི་སྟེང་ནས་སྐད་གྲགས་ཆེན་པོར་གྱུར། ཁོང་གི་གཏན་ཚིགས་ཁག་ཅིག་དེ་ཙམ་གྱིས་བདེན་ཐུབ་མིན་ཡང་། དེ་དག་གིས་དུས་རབས་མང་པོའི་བསམ་བློ་བ་ཚོར་རེ་སྤོབས་རྙེད་རྒྱུའི་གཞི་རྩའི་ཤེས་ཡོན་མང་པོ་ཞིག་མཁོ་འདོན་བྱས་ཡོད་དོ།།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།