སྤེལ་མཁན། : tsenrig 6/30/2007



ཐ་མག་འཐེན་ན་མངོན་གསལ་དོད་པོ་མེད་པའི་ཐོག་ནས་མིའི་ལུས་ཕུང་ལ་གཏོར་བཅོམ་གཏོང་ཚད་དེ་ཧ་ཅང་བསམ་ཡུལ་ལས་འདས་པ་ཞིག་ཡིན། འོན་ཀྱང་། མི་རྣམས་ཀྱིས་ཐ་མག་འཐེན་རྒྱུ་རྒྱུན་སྐྱོང་གིས་དེའི་ཆེད་དུ་དངུལ་གྱི་འགྲོ་སོང་ཡང་ཆེན་པོ་གཏོང་བཞིན་ཡོད། ཐ་མག་འཐེན་པ་དང་ན་ཚ་མང་པོ་ཞིག་གི་དབར་ལ་འབྲེལ་བ་དམ་ཟབ་ཡོད་པ་དུས་ཡུན་རིང་པོ་ཞིག་ནས་ཧ་གོ་ཡོད་ཀྱང་། རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་མི་རྣམས་ཀྱིས་མུ་མཐུད་ནས་ཐ་མག་འཐེན་གྱིན་ཡོད། མི་རེ་ཟུང་གིས་ཐ་མག་འཐེན་ན་ངལ་གསོ་ཡག་པོ་ཐོབ་པ་མ་ཟད་དེ་ནི་སྤྲོ་སྣང་ལྡན་པ་ཞིག་རེད་ཟེར་བ་དང་། ཁ་ཤས་ཀྱིས་རང་ཉིད་ཀྱི་གྲོགས་པོ་ཚོར་ལད་ཟློས་ཀྱིས་འཐེན་པའམ། ཁ་ཤས་ནི་ཁྱབ་བསྒྲགས་རྫུན་མ་དེ་ཚོའི་བསླུ་བྲིད་འོག་ཚུད་ནས་ཀྱང་འཐེན་བཞིན་ཡོད། ད་དུང་མི་རེ་ཟུང་གིས་ཁ་མཚར་དང་བཅས་ང་ཚོས་ཐ་མག་འཐེན་ནས་ཐ་མག་གི་རྒྱུ་ཆ་འདེབས་ལས་བྱེད་མཁན་གྱི་ཞིང་པ་ཚོ་དང་། ལམ་འགྲམ་དུ་ཐ་མག་འཚོང་མཁན་གྱི་ཚོང་པ་ཚོར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར་བ་དང་། ཁ་ཤས་ཀྱིས་ད་དུང་ལག་པ་འདིར་ལས་ཀ་ཞིག་སྤྲོད་དགོས་ཀྱིན་འདུག་ཟེར་བཞིན་ཡོད།

དུག་རྫས་ཀྱི་དུ་བ།


དུག་རྫས་འདི་ནི་ཊོ་བྷེ་ཀོ་ཟེར་བའི་རྩི་ཤིང་ཞིག་གི་ལོ་མས་བཟོས་པ་ཞིག་དང་། མི་རྣམས་ཀྱིས་དེ་ཉིད་ཐ་མག་དང་ཡང་ན་སྦུ་གུ་སོགས་བརྒྱུད་ནས་རྔུབ་འཐེན་བྱེད་པ་རེད། དུ་བ་དང་མཉམ་དུ་འབར་བཞིན་པའི་ཊོ་བྷེ་ཀོ་ཡི་ནང་དུ་རྫས་སྣ་འདྲ་མིན་༤༠༠༠ ཙམ་ཡོད་པ་དང་། དེ་དག་ཁྲོད་ཀྱི་རྫས་༤༠ ལྷག་ནི་ཀྲན་ནད་ནུས་པ་ཅན་ཀར་སི་ནོ་ཇེ་ནིཀ (carcinogenic) ཟེར་བའི་དུག་རྫས་ཡིན་པ་དང་། དེ་དག་ནི་ཀེན་སར་རམ་སྤྲི་ནད་ཀྱི་རྒྱུ་བྱེད་མཁན་འབའ་ཞིག་ཡིན། རྫས་གཞན་པ་མང་པོ་ཞིག་ཀྱང་ཁ་དང་། སྣ། རླུང་གི་རྒྱུ་ལམ། གློ་བ་བཅས་ཀྱི་འཇམ་མཉེན་ལྡན་པའི་ནང་ཤ་དག་ལ་གནོད་འཚབ་ཆེན་པོ་སྐྱེལ་བཞིན་ཡོད། མ་ཟད། ཐ་མག་དང་མཉམ་དུ་དུག་རླངས (carbon monoxide) ཟེར་བ་ཞིག་ཀྱང་ཁྲག་དང་འདྲེས་ཤིང་དེས་སྲོག་རླུང་ངམ་འཚོ་རླུང་ (oxygen) གཙང་མ་ལུས་ཕུང་ཁྱོན་ཡོངས་སུ་འདྲེན་པའི་ནུས་པ་དེ་ཉིད་ཉམས་རྒུད་དུ་གཏོང་བཞིན་ཡོད། འོན་ཀྱང་། ཐ་མག་འཐེན་མཁན་ཚོར་ཐ་མག་དེ་ཉིད་དགོས་མཁོ་ཞིག་ཏུ་འགྱུར་དོན་ནི་དེའི་ནང་དུ་ (nicotine) ཟེར་བའི་རྫས་ཤིག་ཡོད་པས་ཡིན་པ་དང་། དེས་ལུས་ཕུང་འདིར་ཕྱོགས་མང་པོ་ཞིག་ནས་གནོད་སྐྱེལ་བཞིན་ཡོད། དཔེར་ན། སྙིང་གི་འཕར་ཚད་མགྱོགས་སུ་གཏོང་བ་དང་ཁྲག་ཤེད་སྤར་བ་ལྟ་བུ་རེད། གང་ལྟར་དེ་ནི་ངན་ལངས་ལ་ཤོར་རྐྱེན་གྱི་དུ་ནག་ཅིག་ཡིན་ནོ།།

དུག་རྫས་དེ་ཉིད་ཐེངས་ཤིག་ལ་ལོངས་སུ་སྤྱད་ཚར་ན་དེ་ལས་ཀྱང་མང་བ་དགོས་པར་འགྱུར་བ་རེད། གལ་སྲིད་དུག་རྫས་ཕྱིར་འདོན་པའམ་མཚམས་ཆད་པ་ཡིན་ན་ལུས་ཕུང་འདིར་དལ་བ་མེད་པ་དང་། འདར་སིག་རྒྱག་པ་སོགས་ཀྱིས་མཚོན་པའི་དཀའ་ངལ་མང་པོ་ཞིག་འཕྲད་ངེས་ཡིན་མོད། འོན་ཀྱང་དེ་ནི་གནས་སྐབས་ཙམ་ཡིན།།

ན་བ་དང་ནད་གཞི།


ཐ་མག་དང་འབྲེལ་བ་ཡོད་པའི་ནད་གཞི་ཚང་མ་འབྲི་དགོས་ན་འདིར་བྲི་ས་མེད་པ་ལྟ་བུ་ཡིན་པས། འདིར་ནད་གཞི་ཆེ་ཁག་ཁ་ཤས་ཤིག་འབྲི་རྒྱུ་ཡིན། ཁྲག་རྩའི་ནད་གཞི།(Atherosclerosis) དེ་ནི་ཁྲག་རྩ་གྱོང་པོར་གཏོང་བ་དང་ཚིལ་ཞགས་ཅན་གྱི་རྒྱུ་རྫས་ཀྱིས་ཁྲག་རྩ་འགོག་པར་བྱེད་པའི་ནད་གཞི་ཞིག་ཡིན། སྙིང་གི་ཁྲག་རྩའི་ནང་དུ་ཁྲག་རྩའི་ནད་གཞི་འདིས་སྙིང་རྩ་འགག་པ་སོགས་ཀྱིས་མཚོན་པའི་ནད་གཞི་མང་པོ་སྐྱེད་ཀྱིན་ཡོད།

ཀླད་པའི་ཁྲག་རྩའི་ནང་དུའང་དེས་ཁྲག་རྩ་འགག་པའམ་ཁྲག་འཐོར་ (haemorrhage) བའི་རྐྱེན་བྱེད་ཀྱིན་ཡོད། ལུས་པོའི་ཆ་ཤས་གཞན་དག་ལ་མཚོན་ན། ཁྲག་རྩའི་ནད་གཞི་འདིས་ཁྲག་མཁོ་འདོན་བྱེད་ཚད་ཧ་ཅང་ཉུང་དུ་གཏོང་བ་དང་། རྐང་པ་ལྟ་བུའི་ཡན་ལག་ཁག་གཅོད་དགོས་ཀྱང་ཐུག་སྲིད།

གློ་བ་དང་། ཁ། མགྲིན་པ། རྐན། མིད་ཐག གཤེར་རྨེན། སྐེ། མཁལ་མ། གཅིན་སྣོད་ལ་སོགས་པའི་ལན་ཡག་ཁག་གི་སྤྲི་ནད་དམ་ཀེན་སར། གློ་ཡུའི་གཉན་ཚད་(bronchitis)། གློ་ཚད་(pneumonia) ། ཨེམ་ཕྷི་སི་མ།(emphysema) གློ་བའི་ནད་རྙིང་ཞིག་སྟེ། དེར་རླུང་གི་སྐྱི་སྣོད་དག་བརྒྱངས་པའམ་ཆེར་བསྐྱེད་ནས་མཉེན་ཤ་མེད་པར་ཆགས་པ་དང་། དེའི་རྐྱེན་གྱིས་དབུགས་འབྱིན་རྔུབ་ཞན་དུ་འགྲོ་བ་དང་གཉན་ཁ་རྒྱབ་ཀྱིན་ཡོད། སོགས་ཀྱིས་མཚོན་པའི་འབུ་ཕྲའི་ནད་གཞི་ཁག་འབྱུང་བར་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

དཀའ་ངལ་དེའི་ཁྱབ་རྒྱ།


ཡོ་རོབ་ནང་ལ་མཚོན་ན། ཁྱོན་ཡོངས་ཀྱི་མི་འབོར་ནང་ནས་མི་དྲུག་ལས་གཅིག་ཐ་མག་གི་རྐྱེན་གྱིས་འདས་གྲོངས་སུ་འགྲོ་བཞིན་ཡོད་ལ། ཐ་མག་རྐང་གཅིག་གིས་མི་ཞིག་གི་མི་ཚེའི་ནང་ནས་དུས་ཡུན་སྐར་མ་དྲུག་རེ་ཐུང་རུ་གཏོང་བཞིན་པར་ཚོད་རྩིས་བྱེད་ཀྱིན་ཡོད། གལ་སྲིད་ཐ་མག་འཐེན་མཁན་ཞིག་གིས་ཐ་མག་སྤང་བ་ཡིན་ན། ཉེན་ཁ་དེ་རིམ་བཞིན་ནམ་ཧ་ལམ་དེ་མ་ཐག་ཏུ་ཉུང་དུ་འགྲོ་བཞིན་ཡོད། ཐ་མག་སྤང་བ་ལ་ཐ་མག་གི་རྒྱུ་རྫས་ཅུང་ཙམ་ཡོད་པའི་འགྱིག་བྱི་རིལ་ལྡད་པ་སོགས་ཀྱིས་མཚོན་པའི་ཐབས་ལམ་མང་པོ་ཞིག་ཡོད་ལ། ལུས་པོའི་སྤྱིར་བཏང་གི་བདེ་ཐང་དེ་ཉིད་དུ་བསྐྱར་ལོག་བྱས་པ་ལ། རང་ཉིད་ལུས་པོ་དང་སྐྲ་སོགས་ལ་ཐ་མག་གི་དྲི་ངན་མི་དྲོ་བ་དང་། དུ་སྣེ་བླུགས་སྣོད་སོགས་ཀྱི་ཐལ་བ་དང་དྲི་ངན་མི་དྲོ་བ། ཟས་ཀྱི་དྲོ་བ་སྔར་ལྷག་རྙེད་པ་དང་དངུལ་སྒོར་གྱི་འགྲོ་གྲོན་འཕར་མ་མེད་པ་སོགས་ཀྱིས་མཚོན་པའི་ཁེ་ཕན་མང་པོ་ཡོད་དོ།།

ཤུགས་ནས་ཐ་མག་འཐེན་མཁན།


ཉེ་བའི་དུས་སུ་ཚན་རིག་པ་ཚོས་ཐ་མག་མི་འཐེན་མཁན་ཚོའི་འཕྲོད་བསྟེན་ཐད་ལའང་ཉེན་ཁ་འཕྲད་བཞིན་པ་ཤེས་རྟོགས་བྱུང་བ་དང་། དེ་ནི་ཐ་མག་འཐེན་མཁན་གྱི་ཐ་མག་གི་དུ་བ་རླུང་ཁམས་བརྒྱུད་ནས་གཞན་གྱིས་དབུགས་འབྱིན་རྔུབ་བྱེད་ཀྱིན་པ་དེ་རེད། ཉེན་ཁ་འདི་ནི་མི་རྣམས་ཀྱིས་ཁང་པ་ཞིག་གི་ནང་དུ་དུས་སྟོན་གཅིག་པུ་ཙམ་ལ་ཐ་མག་འཐེན་པ་ལས་ཀྱང་འབྱུང་སྲིད་པ་ཞིག་ཡིན། གཞན་གྱི་ཐ་མག་གི་དུ་དྲི་འབྱིན་རྔུབ་བྱས་པ་ལས་ཐ་མག་མི་འཐེན་མཁན་ཚོའི་གློ་བ་དང་། སྙིང་། ཀླད་པ་བཅས་སུ་ཉེན་ཁ་ཆེན་པོ་བཟོ་སྲིད་དོ།།

ཐ་མག་མ་འཐེན།


ཐ་མག་འཐེན་མཁན་ཁ་ཤས་ཀྱིས་ཁོང་ཚོས་ཐ་མག་གིས་རང་ཉིད་ཀྱི་ལུས་པོར་གནོད་པ་གསལ་བོར་ཤེས་ཀྱིན་ཡོད་ཀྱང་། འོན་ཀྱང་འདི་ནི་ང་ཚོ་རང་ཉིད་ཀྱི་གདམ་ཀ་ཡིན་ཟེར། དེ་བཞིན་དུ་ཐ་མག་མི་འཐེན་མཁན་ཚོས་ཀྱང་ང་ཚོའང་སྡུག་བསྔལ་གྱི་གནས་སུ་ལྷུང་འདོད་མི་འདུག་ཟེར་བཞིན་ཡོད། ཉེ་བའི་དུས་སུ་གནམ་གྲུ། མེ་འཁོར། སྤྱི་སྤྱོད་རླངས་འཁོར། ཚོང་ཁང་། ཟ་ཁང་། རྩེད་རྭ། གློག་བརྙན་ཁང་། འཁྲབ་སྟོན་ཁང་། སྤྱི་མང་འདུས་ས་དང་ཚོང་ལས་ཁྲོམ་རྭ། ཐ་ན་གྲོང་ཁྱེར་གྱི་ཁྲོམ་ལམ་སོགས་སུའང་ཐ་མག་འཐེན་མི་ཆོག་པའི་སྒྲིག་གཞི་བཟོས་དང་བཟོ་བཞིན་ཡོད་དོ།།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།