འདི་ལོའི་རྒྱལ་སྤྱིའི་འཇིག་རྟེན་དཔྱད་རིག་ཚོགས་ཆེན་སྐབས། ང་ཚོའི་ཉི་མའི་ཁྱིམ་རྒྱུད་ནང་ཡོད་པའི་གཟའ་སྐར་དགུ་པ་སྟེ་པུལུཊོ་(Pluto) དེ་བཞིན་ད་ནས་བཟུང་གཟའ་སྐར་གྱི་སྡེ་ཚན་ནས་ཕྱིར་འབུད་བྱེད་རྒྱུའི་སྤྱི་མོས་ཐག་ཆོད་བྱུང་བ་དང་། ཁོང་ཚོས་དེ་ལྟར་ཐག་ཆོད་བྱེད་དགོས་པའི་རྒྱུ་མཚན་ནི་། པུལུཊོ་ལ་ངེས་གཏན་གྱི་འཁོར་ལམ་དང་། དགོས་ངེས་ཀྱི་གདོས་ཚད་དང་། འཐེན་ཤུགས་མ་འདེངས་པ་བཅས་གཟའ་སྐར་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་མང་དག་ཞིག་ཚང་མེད་ལུགས་སོགས་ཀྱི་རྒྱུ་མཚན་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་ཡང་པུལུཊོ་ནི་སྤྱི་ལོ་ ༡༩༣༠ ཙམ་ལ་གསར་རྙེད་བྱུང་བའི་གཟའ་སྐར་ཞིག་ཡིན་པ་དང་སྐབས་དེར་རྒྱང་ཤེལ་སོགས་ཀྱི་མཐུན་རྐྱེན་ཡག་པོ་མེད་སྟབས་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མེད་ན་ཡང་། སྤྱི་ལོ་ ༡༩༩༠ ཙམ་ནས་དེང་དུས་ཀྱི་རྒྱང་ཤེལ་ཚད་ལྡན་མང་པོ་གསར་སྐྲུན་བྱུང་བའི་ཐོག་ནས་པུལུཊོ་སྐོར་ལ་སྔར་མ་ཤེས་པའི་གནས་ཚུལ་མང་པོ་ཤེས་རྟོགས་བྱུང་བ་དང་། དེ་ལ་རྟེན་ནས་ད་རེས་གཟའ་སྐར་གྱི་གྲལ་ནས་རང་བཞིན་གྱིས་བུད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད། ད་ལྟ་པུལུཊོ་ལ་གཟའ་སྐར་ཆུང་བ་(Dwarf planet)ཞིག་གི་གོ་ས་དང་ཁོ་རང་གི་མིང་ལ་འགྱུར་བ་བཏང་མེད་རུང་བར་སྣང་ལ་འཁྱམས་པའི་རྡོ་གཟུགས་གཞན་བཞིན་ཁོ་རང་ལ་ཡང་གཞུང་འབྲེལ་གྱི་ཨང་གྲངས་ཤིག་སྤྲད་ཡོད་པ་ནི་ ༡༣༤༣༤༠ ཡིན། ཨ་རིའི་རྒྱལ་ས་ལྭ་ཤིང་ཊོན་ལ་ཡོད་པའི་རྒྱལ་ཡོངས་ཚན་རིག་གཙུག་ལག་ཁང་གི་དངོས་ཁམས་རིག་པ་དང་གནམ་དཔྱད་རིག་པ་གཉིས་ཀྱི་འགན་འཛིན་སྐུ་ཞབས་ ཊོན་ཤཔེ་རོ་(Don Shapero)ཡིས་གསུངས་དོན། འདི་ལྟ་བུའི་འགྱུར་བ་ནི་ང་ཚོས་ཤེས་རྟོགས་གཏིང་ཟབ་ལས་བྱུང་བ་དང་ང་ཚོས་གནས་ཚུལ་མང་དུ་ཤེས་རྟོགས་བྱུང་སྐབས། ང་ཚོས་དངོས་པོ་རྣམས་དབྱེ་བ་ཇི་ལྟར་ཕྱེ་དགོས་མིན་དང་མིང་ཇི་ལྟར་འདོགས་དགོས་མིན་ལ་འགྱུར་བ་གཏོང་གི་ཡོད་པ་བཞིན་ད་རེའི་འགྱུར་བ་འདི་བཏང་བ་རེད་ཅེས་གསུངས་འདུག། དེ་བཞིན་ཨ་རིའི་གནམ་རིག་པ་མཡེ་ཁེལ་བྷར་འོན་(Micheal Brown)ལགས་ཀྱིས་གསར་རྙེད་བྱུང་བའི་རྒྱང་རིང་གི་འཁྱགས་རྡོ་པུལུཊོ་ལས་ཆེ་བ་དེར་དེ་སྔོན་གསར་རྙེད་མཁན་རང་ནས་ཛི་ན་(Xena)ཞེས་མིང་བཏགས་ཡོད་ཀྱང་ད་ལམ་པུལུ་ཊོ་དང་ལྷན་དུ་གཟའ་སྐར་གྱི་འགྲེལ་བ་འགྱུར་བས་འདིའི་མིང་ཡང་བསྒྱུར་ཏེ་ཨེརིས་(Eris)ཞེས་བཏགས་པ་དང་། ཨེརིས་ཞེས་པ་ནི་གྷིརིག་གི་གཏམ་རྒྱུད་དུ་གྲགས་པའི་ལྷ་མོ་ཞིག་གི་མིང་ཡིན་པ་དང་། དེ་བཞིན་ཁོ་རང་གི་ཨངས་གྲངས་ནི་2003UB313 ཡིན་པ་རེད།

Post a Comment

Previous Post Next Post