སྤེལ་མཁན། : tsenrig 11/30/2009















ལེའོ་ནར་ཌོ ཌ ཝིན་ཆི།
Leonardo Da Vinci





དཔྱད་ཞིབ་པ་མང་པོས་ཁོང་ནི་ད་བར་འཛམ་གླིང་ནང་བྱུང་བའི་མཁས་པ་ཐམས་ཅད་ནང་ནས་མཆོག་ཏུ་གྱུར་བ་དེར་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོང་ཤེས་བྱའི་སྣ་གཅིག་ཙམ་མ་ཡིན་པར་སྐབས་དེའི་འཛམ་གླིང་ནང་ཡོད་བཞིན་པའི་ཤེས་བྱའི་སྒྲོམ་གཞི་ཕལ་ཆེ་བའི་ནང་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་པ་དང་། ཤེས་ཡོན་གྱི་སྒྲོམ་གཞི་ཕལ་ཆེ་བར་གུས་བཀུར་བྱེད་ས་ཞིག་ཡིན། དེར་བརྟེན་ཁོང་ནི་ཚན་རིག་པ་མཆོག་ཏུ་གྱུར་བ་ཙམ་ཞིག་མ་ཡིན་པར། ཨང་རྩིས་མཁན། བཟོ་ལས་པ། གསར་གཏོད་པ། རི་མོ་མཁན། རོལ་དབྱངས་མཁན། རྩོམ་པ་པོ་བཅས་སྣ་འཛོམས་ཀྱི་མི་སྣ་ཆགས་ཡོད། 



དེ་ལྟ་བུའི་མཁས་དབང་ཁོང་སྤྱི་ལོ་༡༤༥༢ ཟླ ༤ ཚེས ༡༥ ཉིན་ཨི་ཊ་ལིའི་རྒྱལ་ཁབ་ནང་ཡོད་པའི་ཕྷོ་ལོ་རེན་སི་ Florence ཞེས་སའི་གནས་ཀྱི་གྲོང་སྡེ་ཝིན་ཆེ་ Vince ཞེས་པར་སྐུ་འཁྲུངས། ཁོང་གི་ཆུང་དུས་འཚོ་བའི་སྐོར་ཤེས་རྟོགས་ཤིན་ཏུ་ཉུང་བ་དང་། དེའི་ཐད་ཁོང་གི་དཔེ་དེབ་གང་གི་ནང་དུ་ཡང་ཞིབ་ཕྲ་བཀོད་མེད། དགུང་ལོ་བཅུ་བཞིའི་སྐབས་དུས་དེའི་སྙན་གྲགས་ཆེ་ཤོས་ཡིན་པའི་རི་མོ་མཁན་སྐུ་ཞབས་ཝེརོ་ཆིའོ་ལགས་ཀྱི་བཟོ་ལས་ཁང་དུ་སློབ་འཇུག་གནང་བ་དང་སྐབས་དེའི་སྙན་གྲགས་ཅན་གྱི་རི་མོ་མཁན་གཞན་མང་དག་ཅིག་བཟོ་ལས་ཁང་དེར་ཞུགས་ཡོད། དེར་ཁོང་ནས་རི་མོ་དང་རྫས་སྦྱོར། ལྕགས་རིགས་སྲེས་སྦྱོར་དང་ཤིང་བཟོ། འཇིམ་བཟོ་སོགས་ཤེས་བྱའི་གནས་མང་དག་ཅིག་ལ་སློབ་གཉེར་བྱེད་པའི་གོ་སྐབས་བྱུང་བ་རེད། ཡིག་ཆ་འགའ་ཞིག་ནང་ཁོང་གི་ལག་རྩལ་རང་གི་དགེ་རྒན་ལས་མཆོག་ཏུ་གྱུར་བ་བྱུང་བས་དགེ་རྒན་དེས་དུས་གཏན་དུ་རི་མོ་འབྲི་མཚམས་བཞག་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། སྤྱི་ལོ་༡༤༧༢ ལོར་ཁོང་དགུང་ལོ་ཉི་ཤུ་ཡིན་སྐབས་རི་མོའི་སློབ་གཉེར་ལེགས་ཐོན་བྱུང་བ་དང་ཕ་རྒན་གྱི་རོགས་སྐྱོར་འོག་སྒེར་གྱི་ལས་གྲྭ་ཞིག་འགོ་འཛུགས་བྱས་ཀྱང་རང་གི་དགེ་རྒན་དང་འབྲེལ་བ་མུ་མཐུད་བསྐྱངས་པ་མ་ཟད་ལས་གཞི་ཕལ་ཆེ་བ་དགེ་རྒན་གྱི་ལས་རོགས་ལྟ་བུ་བྱས་ནས་བསྡད་པ་ལས་སྒེར་གྱི་རྣམ་པ་ཐོན་པའི་རི་མོ་ཆ་ཚང་བ་ཞིག་དུས་ཚོད་རིང་པོའི་བར་འབྲི་མྱོང་མེད། 



གོང་དུ་བཤད་ཟིན་པ་ལྟར་ལིའུ་ནར་ཌོ་ནི་རིག་པའི་གནས་མཐའ་དག་ལ་མཁས་པ་ཞིག་ཡིན་པ་དང་ལྷག་པར་དུ་འཛམ་གླིང་ནང་སྙན་གྲགས་ཅན་གྱི་རི་མོ་མང་པོ་ཁོང་གིས་བྲིས་གནང་བ་ཡིན། དེ་ཡང་མོ་ན་ལི་ས་དང། ཝེ་ཊུ་རེན་མི། ལཱས་ས་པར་བཅས་ནི་ལག་རྩལ་དང་གསར་བརྗེ་མཚོན་པ་མ་ཟད་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་དཔལ་ཡོན་མཚོན་པའི་རི་མོ་སྙན་གྲགས་ཆེ་ཤོས་ཁག་ཡིན། སྐབས་དེའི་སྤྱི་ཚོགས་ནང་རི་མོའི་སྒྱུ་རྩལ་དང་ཚན་རིག་གཉིས་ཐ་དད་དབྱེ་རུ་མེད་པ་ཞིག་ཡིན་པ་ལྟར་ཁོང་གི་ཐོ་དེབ་ནང་དུ་ཡང་ཚན་རིག་དང་རི་མོ་གཉིས་ལོགས་སུ་དབྱེ་བ་མེད་པའི་ཐོག་ནས་བཀོད་ཡོད། ཁོང་གིས་ཤོག་ངོས་ཆིག་ཁྲི་སུམ་སྟོང་ཡོད་པའི་ཟིན་ཐོ་ཉར་ཚགས་བྱས་ཡོད་པ་དེ་དག་ནང། མིའི་ནང་ཤུལ་དང་དབང་པོའི་དཔེ་རིས་ཙམ་མ་ཟད་ཆེས་ཐོག་མའི་ཐད་འཕུར་གནམ་གྲུའི་དཔེ་རིས་སོགས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་འཕྲུལ་ཆས་ཀྱི་དཔེ་རིས་མང་དག་ཅིག་བཀོད་ཡོད།


ཝེ་ཏྲུ་རན་མི།                     མོ་ན་ལི་ས། 

ཚན་རིག་སློབ་གཉེར།


སྐབས་དེར་ཚན་རིག་པ་ཞིག་ཡིན་ཚེ་ལེ་ཊན་དང་ཨང་རྩིས་གཉིས་ངེས་པར་དུ་ཤེས་དགོས་པར་འདོད་པའི་ལྟ་ཚུལ་ཞིག་ཡོད་པར་བརྟེན་དེ་གཉིས་གང་ལ་ཡང་རྒྱུན་འཁྱོངས་སློབ་གཉེར་བྱེད་མ་མྱོང་བའི་ལིའུ་ནར་ཌོའི་ཚན་རིག་གི་ལས་ཀར་དོ་སྣང་ཆེ་བ་བྱེད་མཁན་བྱུང་མེད། འོན་ཀྱང་ཁོང་གི་སློབ་གཉེར་ཕལ་ཆེ་བ་སྒེར་ངོས་ནས་སྦྱང་བརྩོན་བྱས་པ་ཞིག་ཡིན་པ་ལྟར་ལེ་ཊེན་དང་ཨང་རྩིས་ཀྱང་སྒེར་ངོས་ནས་སྦྱང་བརྩོན་ཆེན་པོ་གནང་ཡོད། ༡༤༩༠ ཙམ་ནས་རྩིས་ཀྱི་སློབ་དཔོན་ལུ་ཁས་པེཀོལི་ལགས་ཀྱི་དྲུང་ནས་ཨང་རྩིས་སློབ་གཉེར་གནང་བ་དང་དབྱིབས་རྩིས་དང་འབྲེལ་བའི་དཔེ་རིས་མང་དག་ཅིག་བྲིས་གནང་ཡོད། མིའི་ལུས་པོའི་ཆ་ཤས་ཀྱི་རི་མོ་ཤིན་ཏུ་ཞིབ་ཕྲ་བྲིས་ཡོད་པ་དང་སྨན་ཁང་མང་པོའི་ནང་མིའི་ཕུང་པོ་བཤའ་ལས་ཀྱི་ཐོག་ནས་ནང་ཤུལ་གྱི་བཀོད་རིས་འབྲི་བའི་ཆོག་མཆན་སྤྲད་ཡོད་ལ། ཁོང་གི་རི་མོ་ཕལ་ཆེ་བ་མིའི་རུས་སྒྲོམ་དང། ཤ་རྒྱུས། སྙིང་དང་ཁྲག་རྩའི་འཁོར་ལམ། དེ་བཞིན་མཚན་མའི་དབང་པོ་བཅས་ཀྱི་སྐོར་ཡིན། མ་ཟད་ཁོང་ནི་མངལ་གནས་ཀྱི་འཕེལ་རིམ་གྱི་དཔེ་རིས་འབྲི་མཁན་ཆེས་ཐོག་མའི་ཚན་རིག་པ་དེ་ཆགས་ཡོད། ལོ་ན་རྒས་པའི་སྐབས་དང་སེམས་ཚོར་གྱི་རྐྱེན་པས་མིའི་སེམས་ཁམས་ཀྱི་འཕྲོད་བསྟེན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་མིན་ཐད་ཞིབ་ཕྲའི་ཉམས་ཞིབ་གནང་ཡོད་པ་དང་། ནད་རིགས་འདྲ་མིན་གྱི་རྐྱེན་པས་ལུས་ཀྱི་རྐང་ལག་སོགས་དབང་པོར་སྐྱོན་ཤོར་བའི་དཔེ་རིས་ཀྱང་མང་པོ་བྲིས་ཡོད། མི་ཙམ་མ་ཡིན་པར་བ་ཕྱུགས་དང་བྱ་རིགས། སྤྲེའུ་དང་དོམ། སྦལ་བ་སོགས་སེམས་ཅན་གཞན་མང་པོ་ཞིག་བཤའ་ལས་ཀྱི་ཐོག་ནས་དེའི་ཕྱི་ནང་གཟུགས་ཀྱི་བཀོད་དབྱིབས་རྣམས་རི་མོར་བཀོད་ཡོད། ཁོང་ཉིད་འཚོ་བའི་རིང་ལ་བཟོ་སྐྲུན་མཁན་སྙན་གྲགས་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་རྒྱལ་ཁབ་སྲུང་སྐྱོབ་དང་གཞན་ས་བཙན་འཛིན་ཆེད་རླངས་ཤུགས་ལ་བརྟེན་པའི་སྒྱོགས་དང་འགུལ་རུང་གི་གབ་ར། འགོ་མཇུག་བརྗེ་རུང་ཅན་གྱི་ཁེརེང་crank དང་སྒྱོགས་མདེལ་སོགས་དཔེ་གཟུགས་གསར་ཅན་བཟོ་སྐྲུན་བྱས་པ་མ་ཟད་ཟམ་པ་དང་འཐབ་རྭ་སོགས་ཀྱང་འཛུགས་སྐྲུན་བྱེད་མྱོང། སྤྱི་ལོ་༡༥༠༢་ལོར་སྐབས་དེའི་ཨེསི་ཏན་བྷུལ་གྲོང་ཁྱེར་གྱི་རྒྱལ་པོ་བེ་ཡ་ཛིད་ཀྱི་བཀོད་མངགས་ལྟར་རྐང་པ་གཅིག་ལས་མེད་པའི་ཟམ་པ་ཞིག་གི་འདྲ་རིས་གསར་གཏོད་བྱས་ཡོད་ཀྱང་དངོས་སུ་ལག་བསྟར་བྱེད་ཐུབ་མེད་པ་དང་། རྒྱུ་མཚན་ནི་རྒྱལ་པོས་དེ་ལྟ་བུའི་ཟམ་པ་ཞིག་དངོས་སུ་འཛུགས་སྐྲུན་ཐུབ་མི་སྲིད་པ་བསམ་ཡོད། ༢༠༠༡ ལོར་ཁོང་གི་འདྲ་གཟུགས་དེར་གཞིར་བཞག་པའི་ཟམ་པ་ཆུང་ངུ་ཞིག་ནོར་ཝེ་རྒྱལ་ཁབ་ནང་གསར་སྐྲུན་བྱས་ཡོད་པ་དང་། ༢༠༠༦ ཟླ ༥ ཚེས ༡༧ ཉིན་ཏྲར་ཀི་གཞུང་གིས་ཁོང་གི་འདྲ་རིས་དེ་དང་མཚུངས་པའི་ཟམ་པ་ཞིག་བཟོ་རྒྱུའི་ཐག་གཅོད་བྱས་ཡོད། ཁོང་གི་མི་ཚེ་ཧྲིལ་པོར་འཕུར་སྐྱོད་རིག་པར་དོ་སྣང་ཆེན་པོ་གནང་བ་དང་། བྱ་རིགས་ཀྱི་འཕུར་སྐྱོད་དང་འབྲེལ་བའི་རི་མོ་མང་པོ་བྲིས་ཡོད་པ་མ་ཟད། ལྷག་པར་དུ་ཐད་འཕུར་གནམ་གྲུའི་འདྲ་གཟུགས་དང་གྷེ་ལེ་ཌར་གྱི་འདྲ་གཟུགས་སོགས་འཕུར་སྐྱོད་ཐུབ་པའི་འཕྲུལ་ཆས་ཀྱི་དཔེ་གཟུགས་མང་དག་ཅིག་བྲིས་ཡོད་པ་ལས་འགའ་ཞིག་དངོས་སུ་ལག་བསྟར་བྱུང་བ་དང་འགའ་ཞིག་སྐབས་དེའི་མཐུན་རྐྱེན་ལས་རིང་དུ་སོང་བས་ལག་བསྟར་བྱུང་མེད། ཁོང་ཉིད་འཚོ་བཞུགས་རིང་མཁས་པའི་མཚན་སྙན་ཕྱོགས་ཀུན་ཏུ་གྲགས་པས་སྐབས་དེའི་ཕི་རན་སི་དང་ཨི་ཏ་ལི། དེ་བཞིན་ཏྲར་ཀི་སོགས་ཀྱི་རྒྱལ་པོ་ཚོས་ཀྱང་ཁོང་ལ་ཐུགས་མཉེས་ཆེན་པོ་གནང་བ་མ་ཟད། ལོ་རྒྱུས་འགའ་ཞིག་ནང་ཁོང་དགོངས་པ་རྫོགས་པའི་སྐབས་སུ་ཡང་ཕི་རན་སི་རྒྱལ་པོའི་པང་ཐོག་ཏུ་ཡོད་པའི་བཤད་རྒྱུན་ཀྱང་ཡོད་པ་རེད། ཇི་ལྟར་ཡང་ཁོང་ནི་རླབས་ཆེན་གྱི་ཚན་རིག་པ་ཞིག་དང་དེ་ལས་ཆེས་ལྷག་པའི་རི་མོ་མཁན་ཞིག་ཡིན། འཛམ་གླིང་གི་ས་ཕྱོགས་གང་དུ་ཕྱིན་ཀྱང་ཁོང་གི་རི་མོའི་དཔར་བཤུས་མཐོང་རྒྱུ་ཡོད་ལ་དེར་ཡིད་རངས་ཀྱི་བསྔགས་བརྗོད་མི་བྱེད་མཁན་མེད། ཁོང་གི་ཆེས་ཕུག་རྒྱང་རིང་བའི་བསམ་བློ་དང་རི་མོ་ལ་བརྟེན་ནས་ད་ལྟ་གྲགས་བཞིན་པའི་ཡོ་རོབ་ཀྱི་རིག་གནས་བསྐྱར་དར་renaissance ཞེས་པ་བྱུང་ཡོད་པ་དང་རིགས་གནས་བསྐྱར་དར་གྱི་གསར་བརྗེ་ལ་བརྟེན་ནས་མཐར་དེང་དུས་ཚན་རིག་ཡོ་རོབ་ནས་ཕྱོགས་ཀུན་ཏུ་མེ་ཕྱེ་བཞིན་ཁྱབ་པ་བྱུང་བ་དང་། དེ་ལས་བཟོ་ལས་དང་འཕྲུལ་རིགས་སོགས་དེང་དུས་སྤྱི་ཚོགས་ཀྱི་རྐང་ཚུགས་པ་རེད། 



༡༥༡༩ ཟླ ༥ ཚེས ༢ ཉིན་དགོངས་པ་རྫོགས། རྒྱུ་ནོར་དང་ས་ཁང། རི་མོ་སོགས་དངོས་རྫས་རྣམས་རང་གི་སློབ་མ་གཙོ་བོ་ཁག་དང་སྤུན་མཆེད། དེ་བཞིན་འཁོར་གཡོག་བཅས་ལ་ཆ་བགོས་བྱས་ཡོད།




མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།