སྤེལ་མཁན། : tsenrig 12/01/2008



སྙིང་ནད་མཁན་གྱི་སྤྱིའི་གྲངས་འབོར་ལས་རྒྱ་ཆ་སུམ་བཅུ་ལྷག་ཟས་བཅུད་མ་འགྲིག་པའམ་ཁ་ཟས་སྤྱོད་སྟངས་མ་ཤེས་པའི་དབང་གིས་ཡོང་གི་ཡོད། འཛམ་གླིང་ཤར་ནུབ་སོགས་སའི་གནས་བབས་མི་འདྲ་བ་དང་དཔལ་འབྱོར་བཟང་ངན་སོགས་སྤྱི་ཚོགས་ཀྱི་གནས་བབས་མི་འདྲ་བའི་ཐོག་ནས་ང་ཚོའི་ཁ་ཟས་ལོངས་སྤྱོད་བྱེད་སྟངས་ཀྱང་མི་འདྲ་བ་ཡོང་གི་ཡོད། ནུབ་ཕྱོགས་པའི་འབྱོར་ལྡན་ཕལ་ཆེ་བའི་རྒྱུན་དུ་ཁ་ཟས་རྔོས་མའི་རིགས་དང་ཚ་ཚད་དང་སྣུམ་ཚད་མཐོ་བའི་རིགས་ལོངས་སུ་སྤྱོད་པ་ཡིན། ཚྭས་ཟུངས་ཁྲག་ནང་སྣོན་ཤུགས་འཕར་འཇུག་པ་དང་ཚིལ་ཞག་ཅན་གྱིས་ཁྲག་རྩ་འགག་འཇུག་གི་ཡོད་པས་སྙིང་ནད་ཡོད་མཁན་ཕལ་ཆེ་བ་ཡང་ནུབ་ཕྱོགས་དང་འབྱོར་ལྡན་རྒྱལ་ཁབ་ཁག་གི་ནང་ཡོང་གི་ཡོད། དེས་ན་ཚིལ་ཞག་ཅན་གྱི་ཁ་ཟས་ལ་དགའ་བའི་མི་ཚོར་སྙིང་ནད་ཕོག་སྲིད་པའི་ཉེན་ཁ་དེ་མི་གཞན་ལས་ལྡ་སུམ་བཅུ་ལྷག་གིས་ཆེ་བ་ཡོད། ཡང་རིགས་གཅིག་གིས་སྨན་སྣ་དང་སྲན་མའི་རིགས་ཤས་ཆེ་བའི་ཁ་ཟས་ལོངས་སུ་སྤྱོད་ཀྱི་ཡོད་པས་སྐྱེ་བོ་དེ་དག་ལ་ཟས་བཅུད་ཀྱི་ཐོག་ནས་སྙིང་ནད་ལ་ཕན་གནོད་གང་ཡང་ཡོང་གི་མེད། དེ་མིན་ཁག་གཅིག་གིས་ཤིང་ཏོག་དང་སྔོ་ཚལ་རིགས་ཤས་ཆེ་བའི་ཁ་ཟས་ལོངས་སུ་སྤྱོད་པ་དང་དེས་སྙིང་ནད་ཡོང་བའི་ཉེན་ཁ་ཆུང་དུ་གཏོང་གི་ཡོད།

འོ་ན་ཚིལ་ཞག་ཅན་གྱི་ཟས་ཀྱིས་སྙིང་ནད་དང་དེ་འབྲེལ་གྱི་ན་ཚ་སྐྱེད་ཚུལ་དངོས་ཇི་ལྟར་ཡིན་ནམ་ཞེ་ན། ཚིལ་ཞག་ཅན་གྱི་ཁ་ཟས་མང་པོ་ལོངས་སུ་སྤྱད་ཚེ། ཞག་རྩི་དེ་དག་ང་ཚོའི་ཁྲག་རྩའི་ནང་ངོས་སུ་འབྱར་པའམ་གསགས་ནས་སྡོད་པ་དང་རིམ་བཞིན་ཁྲག་རྩའི་རྒྱ་ཁྱོན་ཆུང་དུ་ཕྱིན་ནས་མཐར་སྙིང་ལ་སྣོན་ཤུགས་ཆེ་རུ་འགྲོ་བ་དང་ལྷན་དུ་ལུས་ཀྱི་དབང་པོ་གཞན་ལ་ཁྲག་འདེང་ངེས་བཞིན་པ་མ་རག་པའི་ཐོག་ནས་དབང་པོའི་བྱེད་ལས་ཚུལ་བཞིན་བྱེད་མི་ཐུབ་པར་འགྱུར་བ་ཡིན། དུས་མཚུངས་ཁྲག་རྩ་རང་ཉིད་ཀྱི་སྟོབས་ཤུགས་ཀྱང་ཉམས་འགྲོ་བས་སྐབས་རེ་ཁྲག་རྩ་རྡོལ་ནས་དབང་པོ་སོགས་ཀྱི་ནང་དུ་ཁྲག་འཛགས་པའི་གནས་ཚུལ་ཡོང་གི་ཡོད། ཁྲག་རྩ་འགག་པ་དང་ཁྲག་རྩའི་སྟོབས་ཉམས་འགྲོ་བའི་ན་ཚ་འདིར་དབྱིན་སྐད་ཐོག ཨེཐོརོསེལེརོསིས་ Atherosclerosis ཟེར་གྱི་ཡོད། ཁྲག་རྩའི་ནང་ཚིལ་ཞག་གསོགས་པ་འདི་སྤྱིར་བྱིས་པའི་དུས་ནས་འགོ་འཛུགས་བྱེད་ཀྱི་ཡོད་ཀྱང་ཤུགས་རྐྱེན་ཆེ་བ་ཡོང་གི་མེད། ལོ་བཞི་ཅུ་ཙམ་ནས་ལོ་ན་རྒས་རིམ་བཞིན་མངོན་གསལ་ཇི་དོད་དང་ཤུགས་རྐྱེན་ཇི་ཆེར་འགྲོ་བ་ཡིན། གོང་དུ་བཤད་ཟིན་པ་ལྟར་ཁྲག་རྩ་འགག་པའི་རྒྱུ་མཚན་གྱིས་སྙིང་ལ་སྣོན་ཤུགས་ཆེ་རུ་འགྲོ་བ་ཙམ་མ་ཡིན་པར་དབང་པོ་གཞན་ལ་ཡང་རྐྱེན་ཐེབས་ཀྱི་ཡོད། དཔེར་ན་ཁྲག་རྩ་འགག་པའི་སྐབས་སུ་ཀླད་པར་ཁྲག་འདེངས་ངེས་བཞིན་པ་སྤྲོད་མི་ཐུབ་པ་དང་དེས་རྐྱེན་པའི་ཀླད་པར་སྐྱོན་ཤོར་ནས་བྱེད་ལས་ཉམས་ཀྱི་ཡོད། དེ་ནི་ཀླད་པར་ཁྲག་དང་དེའི་ནང་ཡོད་པའི་སྲོག་རླུང་འདེངས་ངེས་བཞིན་པ་མ་ཐོབ་པའི་ཐོག་ནས་སྐྱོན་འགྲོ་ཚུལ་དེ་ཡིན། ཡང་ཀླད་པར་སྐྱོན་འགྲོ་ཚུལ་གཞན་ཞིག་ནི་ཁྲག་རྩའི་ནང་ཚིལ་ཞག་ཅན་གྱི་དངོས་རྫས་གསོགས་སྐབས་ཁྲག་རྩ་འགག་པ་ཙམ་མ་ཡིན་པར་ཁྲག་ཤད་དམ་སྣོན་ཤུགས་ཆེ་རུ་འགྲོ་བ་དང་ཁྲག་རྩའི་སྟོབས་ཉམས་འཇུག་གི་ཡོད་པས་སྐབས་རེ་ཀླད་པའི་ནང་ཁྲག་རྩ་རྡོལ་ནས་ཀླད་ཁྲག་འདྲེས་འགྲོ་བ་དང་མཐར་ཀླད་ཁྲག་འདྲེས་སའི་ཆ་ཤས་དེས་ཀླད་པའི་རྒྱུན་ལྡན་གྱི་བྱ་བ་བྱེད་མི་ཐུབ་པ་ཡོང་གི་ཡོད། གནས་སྟངས་གཉིས་ཀའི་ནང་སྐྱོན་ཤོར་སའི་ཀླད་པའི་ཆ་ཤས་གང་ཡིན་པ་དེ་མཚུངས་ཀྱི་ཀླད་པའི་བྱེད་ལས་ཉམས་པ། དཔེར་ན། འགུལ་བྱེད་ཀླད་ཤུན་གྱི་ཁུལ་དུ་ཀླད་ཁྲག་འདྲེས་ཚེ་དེས་རྐྱེན་པའི་ལུས་ཀྱི་འགུལ་སྐྱོད་ཉམས་པ་དང་ཡང་ན་མཐོང་བྱེད་ཀླད་ཤུན་ལ་སྐྱོན་ཤོར་ཚེ་དེ་ལུགས་ཀྱི་མཐོང་བའི་བྱ་བ་ཉམས་པ་སོགས་ཡོང་གི་ཡོད།

ན་ཚ་འདི་རིགས་མི་ཡོང་བའི་ཆེད་རྒྱུན་དུ་ལུས་རྩལ་སྦྱོང་རྒྱུ་དང་ཟས་བཅུད་རན་པར་ལོངས་སུ་སྤྱོད་རྒྱུ་དེ་ཡིན། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་སྤྱི་ཚོགས་ཀྱི་ཤེས་ཡོན་གོང་མཐོར་ཕྱིན་པ་དང་ལྷན་དུ་ནུབ་ཕྱོགས་སོགས་ཡར་ཐོན་རྒྱལ་ཁབ་མང་པོ་ཞིག་གི་ནང་སྙིང་ནད་ཀྱི་ན་ཚ་ཉུང་དུ་ཕྱིན་ཡོད། འོན་ཀྱང་རྒྱ་གར་སོགས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གི་ནང་ན་ཚ་འདི་རིགས་མང་དུ་འགྲོ་ཡི་ཡོད། འདིར་སྤྱིར་སྟངས་ཀྱི་ཐོག་ནས་ཤེས་ཡོན་གྱི་མ་འདེངས་པ་སོགས་རྒྱུ་མཚན་མང་དག་ཞིག་ཡོད་ཀྱང་བསམ་བློ་གཏོང་ཕྱོགས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་ལས་དེ་དག་མང་པོ་ཞིག་ནི་རྒྱུ་མཚན་མེད་པའི་ལྐུགས་རྟགས་རང་ཡིན་པ་རེད། དཔེར་ན་སྤྱི་ཚོགས་ཁ་ཤས་ནང་ལུས་ཤ་རྒྱག་ན་འབྱོར་ལྡན་དང་ཆེ་ཉམས་ཤིག་ལ་འཛིན་གྱི་ཡོད་པས་མི་དམངས་ནང་ཤེས་བཞིན་དུ་ཚིལ་ཞག་རིགས་ཚོད་མེད་བཟའ་བ་དང་ལུས་སྦྱོང་བསམ་བཞིན་དུ་མི་བྱེད་པ་སོགས་ཡོང་གི་ཡོད་པས་སྤྱི་ཚོགས་ནང་ན་ཚ་འདི་རིགས་ཕལ་ཆེ་བ་ང་ཆེ་ང་གྲགས་ཚོར་ཕོག་གི་ཡོད།

མཆན་ཞོགས།

རྩོམ། RSS | མཆན། RSS

༺ དཔར་སྐྲུན་དག་དབང་། © 2014 www.scienceintibetan.org དྲ་ཚིགས་བཟོ་མཁན། བསོད་ནམས་ཟླ་བ།